འཛམ་གླིང་སྟེང་གི་ངོ་མཚར་བའི་དགོན་ཆེན་ལྔ།

རྩོམ་པ་པོ།   དུས་ཚོད།   2018-08-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


དང་པོ། འབྲུག་རྒྱལ་ཁབ་ཀྱི་སྟག་ཚང་དགོན་པ།

            དཔལ་ལྡན་འབྲུག་ཡུལ་གྱི་སྟག་ཚང་དགོན་ནི་འབའ་རོམ་ཆུ་བོའི་རྒྱུད་ཀྱི་གཡང་གཟར་དུ་ཆགས་ཡོད་ཅིང་། བྲག་རོང་དང་ཧ་ལམ་སྤྱི་ལེ་900ཡིས་ཆོད་ཡོད་པ་དང་། དགོན་སྡེ་འདི་གཡང་གཟར་གྱི་ངོས་སུ་ཏུའུ་90ཡི་རྣམ་པས་ཕྱི་རུ་འགྱིང་འདུག

            1692ལོར་དགོན་པ་འདི་གསར་བཞེངས་བྱས་ལ་རྗེས་སུ་མེ་སྐྱོན་ཆེན་པོ་ཞིག་གིས་གནོད་སྐྱོན་ཚབས་ཆེན་བཟོས། དེ་ཡང་1998ལོར་དགོན་པ་བསྐྱར་བཟོ་བྱས་པ་དང་བཤད་སྲོལ་ལྟར་ན་ད་ལྟ་སྟག་ཚང་དགོན་པས་ཆོས་དད་མི་སྣ་སོགས་འགྲུལ་བཞུད་པར་ཚད་བཀག་ནན་མོ་བྱེད་བཞིན་ཡོད།

            གནའ་བོའི་ཡིག་ཆ་རུ་སྤྱི་ལོ་དུས་རབས་8པའི་སྐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དགོན་པ་འདི་ནས་ཟླ་གསུམ་ལ་སྒོམ་བསྒྲུབ་བྱས་མྱངས་པ་དང་སྐབས་དེའི་འབྲུག་ཡུལ་གྱི་རི་རྩེ་བདག་ཏུ་བཟུང་པའི་རི་ལྷ་དང་གདོན་འདྲེ་ལ་སོགས་དམ་ཏུ་བཏགས་ཅེས་བྲིས་ཡོད།

           དགོན་པ་འདི་བྲག་རོང་གཡང་གཟར་ཁྲོད་དུ་ཆགས་ཡོད་ནའང་། ནུབ་བྱང་་ཕྱོགས་ཀྱི་ནགས་ཚལ་དང་། ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་རི་ལམ་སོགས་ཕྱོགས་མང་པོ་ནས་དགོན་པའི་ནང་སྐྱོད་ཐུབ་ལ། ཁལ་ལམ་ཞིག་ཀྱང་ནགས་ཚལ་བརྒྱུད་ཐད་ཀར་དགོན་པའི་ནང་བསྲིངས་ཡོད་པ་མ་ཟད། ལམ་གྱི་གཡས་གཡོན་གཉིས་སུ་དར་ལྕོག་མང་པོ་དཔྱངས་ཡོད།

           ལོ་རེར་ཉིན་མང་པོར་དགོན་པ་ནི་སྤྲིན་པའི་གསེབ་ལ་འཐིམས་ཡོད་པས། བལྟས་མ་ཐག་ཏུ་ཤིན་ཏུ་ལྐོག་གྱུར་གྱི་སྣང་བ་ཞིག་སྟེར་ལ་བསྐྱར་བཟོས་རྗེས་ཀྱི་སྟག་ཚང་དགོན་པ་ནི་འབྲུལ་ཡུལ་མི་ཡི་ཡིད་ཆེས་ཀྱི་བདེན་རྟགས་ལྟར་བཞེངས་འདུག །

གཉིས་པ། འབར་མའི་ཐང་ཨེན་ཀོ་ལ་ཏི་དགོན།

            ཐང་ཨེན་ཀོ་ལ་ཏི་དགོན་ནི་འབར་མའི་དབུས་རྒྱུད་ཀྱི་མཐོ་ཚད་ལ་རྨིད་737ཅན་གྱི་མེ་རིའི་ཡང་སྟེང་དུ་ཆགས་ཡོད་ཅིང་། ཕུ་ཀན་གྱི་ཤར་ལྷོའི་མཚམས་སུ་ཧ་ལམ་སྤྱི་ལེ ་50ཡིས་ཆོད་པའི་པོ་པཱ་ཧྲན་རི་བོའི་འཁྲིས་སུ་ཡོད། རྡོ་སྐས་777གྱི་རྩེ་རུ་སླེབས་ཚེ་ཡུལ་སྐོར་པ་རྣམས་ཀྱིས་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཀྱི་ཁྱད་མཚར་ལོངས་སྤྱོད་བྱ་ཐུབ།

           ཐང་ཨེན་ཀོ་ལ་ཏི་དགོན་གྱི་ནུབ་བྱང་ཕྱོགས་ཀྱི་རྒྱང་རིང་མཚམས་ནས་ཕུ་ཀན་དགོན་པ་མཐོང་ཐུབ་ལ། ཤར་ཕྱོགས་སུ་ཐང་ཨན་མ་ཁུ་ཡེ་རི་རྩེ་མཐོང་ཐུབ་ཅིང་གནས་དེ་གར་ཚངས་ཐིག་ལ་སྨི་660དང་། གཏིང་ཚད་ལ་སྨི་914ཅན་གྱི་མེ་རི་ཆེན་པོ་ཞིག་ཀྱང་ཡོད་པ་རེད།ཐང་ཨེན་ཀོ་ལ་ཏི་དགོན་པར་སྤྲེའུ་རྔ་མ་ཐུང་ཐུང་ཅན་མང་པོ་ཡོད་པས་དགོན་པའི་མཛེས་སྡུག་མངོན་པའི་རྒྱན་ཞིག་ཏུ་གྱུར་ཡོད།།

གསུམ་པ། གྷི་རི་སིའི་མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་།

            གྷི་རི་སིའི་མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་ནི་མེ་ཐུ་ཨོ་རའི་བར་སྣང་དུ་ཡོད་ལ། རང་བྱུང་བྲག་རྡོའི་རྩེ་རུ་ལྷུན་གྱིས་ཆགས་ཡོད་པ་དང་སྒྲུབ་ཁང་6གིས་གྲུབ་ཡོད། དེ་ནི་གྷི་རི་སིའི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཀྱི་གཞི་རྒྱ་ཆེ་ཤིང་ཆེས་གལ་ཆེ་བའི་འཛུགས་བསྐྲུན་གྲས་ཀྱི་གཅིག་ཡིན།

           བྲག་རྡོའི་ཡང་སྟེང་དུ་བཞེངས་པའི་དགོན་སྡེ་དང་སྒྲུབ་ཁང་དེ་དག་ཏུ་དད་པ་ཤིན་ཏུ་ཆེ་མཁན་དག་མ་གཏོགས་འགྲོ་ཁག་པོ་ཡོད། དེ་ནི་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་ཙམ་དུ་གྱུར་ཡོད་པ་དང་གནས་འདི་གར་སླེབས་ཚེ། ཁོ་རང་ཚོས་རང་གི་སེམས་རྒྱུད་ངོ་མ་དེ་དང་དད་ཡུལ་གྱི་ལྷ་གང་དང་ཐག་ཉེ་བར་མཐོང་ནས། ལྷིང་འཇགས་དང་ཞི་དུལ་གྱི་སེམས་ཁམས་ཤིག་རྙེད་ཐུབ་པར་གྱུར་ངེས།

          དུས་རབས་11པ་ནས་བཟུང་། ཏའོ་ཅའོ་ཆོས་ཀྱི་དགེ་སྒྲུབ་པ་འགའ་དཔེ་མི་སྲིད་པའི་གཡང་གཟར་འདི་རུ་གཞིས་ཆགས་ལ་བྲག་རྡོའི་རྩེ་སྟེ་བར་སྣང་འདི་རུ་གཏན་སྡོད་བྱས།

          དུས་རབས་15བའི་སྐབས་སུ། དབེན་པའི་བསམ་བློའི་བསྐྱར་དར་ཆེན་མོ་བྱུང་ལ་དགེ་སྒྲུབ་པ་འདི་རྣམས་ཀྱིས་བསམ་ཡུལ་ལས་འདས་པའི་དཀའ་ལས་བརྒྱུད་དེ་བྲག་རྡོའི་རྩེ་སྟེ་བར་སྣང་འདི་རུ་དགེ་སྒྲུང་ཁང་24འཛུགས་བསྐྲུན་བྱས།

          ད་ལྟའི་བར་ཏུ་དགེ་སྒྲུབ་ཁང་6ཕྱི་རོལ་གྱི་ཡུལ་བསྐོར་བ་དང་མཇལ་བར་སྒོ་ཕྱེས་ཡོད་པ་དང་དེའི་ནང་གསེས་སུ་ཡེ་ཤུ་ཆོས་ཀྱི་དགེ་སྒྲུབ་མའི་དགེ་སྒྲུབ་ཁང་2ཡོད། དགེ་སྒྲུབ་ཁང་6པོ་འདི་གནམ་དུ་ཀེར་བའི་རང་བྱུང་གི་བྲག་རྡོས་ཀ་བ་བྱས་ཡོད་ལ་ཧ་ཅང་ཉེན་ཁ་ཆེ།

         1988ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་གྱིས་གྷི་རི་སིའི་མེ་ཐུ་ཨོ་རའི་དགེ་སྒྲུབ་ཁང་འཛམ་གླིང་གི་ཤུལ་བཞག་མིང་ཐོའི་ཁོངས་སུ་བཅུག །

བཞི་བ། ཧྲན་ཞིའི་ཞོན་ཁུང་དགོན་པ།

          ཧྲན་ཞིའི་ཞོན་ཁུང་དགོན་པ་ནི་ཧྲན་ཞི་ཞིང་ཆེན་གྱི་ཅིན་ལུང་འགག་གི་ནུབ་ཕྱོགས་ཀྱི་གཡང་གཟར་ཁྲོད་ན་གཟི་བརྗིད་ངང་གནས་ཡོད། ཞོན་ལུང་དགོན་པ་ནི་སྤྱི་ལོ་1400ལོ་ཏེ་ཝེ་རྒྱལ་རབས་བྱང་མའི་དུས་མཇུག་ཙམ་སུ་འཛུགས་བསྐྲུན་བྱས་ལ་ཀྲུང་གོའི་ལོ་རྒྱུས་སུ་ཧ་ཅང་དཀོན་པའི་སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། རུའུ་ལུགས་གསུམ་གྱིས་གྲུབ་པའི་ཁྱད་ཆོས་ཐུན་མོང་ལྡན་པའི་དགོན་པ་ཞིག་རེད།

         ཞོན་ཁུང་དགོན་པ་ནི་ས་ངོས་དང་ཧ་ལམ་རྨིད་75ཡི་མཚམས་ཀྱི་གཡང་གཟར་བྲག་ངོས་སུ་ཆགས་ཡོད་ཅིང་། དེ་ཡང་གཡང་གཟར་བྲག་ངོས་སུ་བཙུགས་པའི་ཀ་བ་དག་གིས་གདུང་འདེགས་བྱས་ཡོད། དགོན་པའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་152.5དང་ཁང་བ་ཆེ་ཆུང་མི་འདྲ་བ་40ལྷག་ཡོད་པ་དང་བར་ཁྱམས་དང་། ཟམ་པ། ཤིང་ལམ་སོགས་གཞི་གཅིག་ཏུ་སྦྲེལ་ཡོད།

        ཧྲན་ཞིའི་ཞོན་ཁུང་དགོན་པར་ཟངས་སྐུ་དང་ལྕགས་སྐུ འཇིམ་སྐུ། རྡོ་སྐུ་སོགས་ལྷ་སྐུ་80ལྷག་ཡོད་ཅིང་། དེ་ཡང་ཆུ་ལོག་གིས་གནོད་པར་དོགས་ནས་གཡང་གཟར་གྱི་ངོས་སུ་ཆགས་པ་ཡིན་ལ། ཕྱོགས་བཞིའི་རི་བོས་རང་བྱུང་གི་ཆར་ཆུའི་གནོད་པ་སོགས་བཀག་ཡོད་པ་དང་ཆབས་ཅིག ཉི་འོད་འཆར་ཡུན་རིང་པའི་གནད་དོན་ཡང་ཐག་གཅོད་བྱས།

         སྔོན་ཆད་དགོན་པ་འདི་དུས་རབས་དུས་དེབ་ཀྱི་འཛམ་གླིང་སྟེང་གི་བརྟན་གླིང་མིན་པའི་འཛུགས་བསྐྲུན་བཅུ་ཡི་ནང་གསེས་སུ་འདེམས་ཐོན་བྱུང་། ཞོན་ཁུང་དགོན་པ་ནི་ཧྲན་ཞི་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་གཙོ་གྲས་ཀྱི་གཅིག་ཡིན་ལ་ཡུལ་སྐོར་མཛེས་ལྗོངས་དང་ལོ་རྒྱུས་རྗེས་ཤུལ་གལ་ཆེན་ཞིག་ཡིན་པ་མ་ཟད་ཧྲན་ཞིའི་མཛེས་ལྗོངས་བཅོ་བརྒྱད་ཀྱི་ནང་གསེས་ལས་ཡུལ་ལྗོངས་ཆེས་མཛེས་པོའང་ཡིན།།

ལྔ་བ། ཏུར་ཁེའི་སི་མེ་ར་དགེ་སྒྲུབ་ཁང་།

         ཏུར་ཁེའི་སི་མེ་ར་དགེ་སྒྲུབ་ཁང་ནི་ཨ་ཐུ་མན་རྡུ་རའི་མཚོ་ངོས་ལས་སྨི་1200ཡིས་ཆོད་པའི་གཡང་གཟར་གྱི་ངོས་སུ་ཆགས་ཡོད་ཅིང་། དེ་ནི་ཨ་ཐུ་མུན་རྡུ་རའི་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་གྲགས་ཆེན་ཞིག་ཡིན་ལ། སྤྱི་ལོ་386 ལོར་རོ་མའི་གོང་མ་རྡི་ཨོ་རྡོ་ཞི་སིས་དབང་སྒྱུར་བྱེད་རིང་གསར་དུ་བཙུགས། ངག་རྒྱུན་ལྟར་ན། ཡེ་ཤུའི་ཆོས་འཆད་མཁན་གཉིས་ཀྱིས་ཉེ་འཁོར་བྲག་ཁུང་ནས་ཤིན་ཏུ་ལྐོག་གྱུར་པའི་ལྷ་ཡུམ་གྱི་སྐུ་བརྙན་ཞིག་རྙེད་པར་གྲགས།

         དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད། དགེ་སྒྲུབ་ཁང་འདིས་ཆག་འཇིགས་དང་བསྐྱར་གསོའི་གོ་རིམ་བརྒྱུད་ཅིང་། ཨ་ལེ་ཁུ་ཞི་སི་སྐུ་ཕྲེང་གསུམ་པའི་དབང་སྒྱུར་སྐབས། སླར་དུ་བསྐྱར་གསོ་བྱས་ངོར་དེང་གི་གཞི་ཁྱོན་དང་ཕྱིའི་རྣམ་པ་འདི་གྲུབ།

          འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ། སྐད་ཅིག་རིང་སུ་མེ་ར་དགེ་སྒྲུབ་ཁང་བདག་མེད་དུ་གྱུར་ཞིང་། སྐབས་དེར། གྷི་རི་སི་དང་ཏུར་ཁེའི་མི་གྲངས་བརྗེ་རེས་བྱས་ནས། ཧ་ལམ་གྷི་རི་སི་དང་ཏུར་ཁེའི་མི་གྲངས་200ལྷག་གཞན་ཡུལ་གྱི་སྡོད་གནས་དང་ཁ་གྱེས་ཏེ་ཕྱིར་རང་ཡུལ་ལུང་པར་ལོག་པ་དང་། བདག་མེད་གྱུར་ནས་ལོ་འགའི་རྗེས་སུ། སྒྲུབ་གནས་འདི་གའི་དགེ་སྒྲུབ་ཁང་ཁ་ཤས་ཀྱང་བསྐྱར་གསོ་བྱས་པ་བརྒྱུད་རྟེན་མཛོད་ཁང་ཞིག་ཏུ་གྱུར། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།