སྟར་བུ་སྨིན་ཚད་མགྱོགས་པས། སྡེ་དམངས་སེམས་པ་སྐྱིད་སོང་།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2018-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                        ཟླ8པའི་ཟླ་མགོར། གསར་འགོད་པ་གཟི་རྩ་སྡེ་དགུའི་ཧྲོང་ཧོ་གྲོང་རྡལ་ཚའོ་ཕིང་སྡེ་བའི་སྡེ་དམངས་ཝན་ཐའོ་ཡུན་ཚང་གི་སིལ་ཏོག་ར་བར་སོང་ཞིང་། མིག་ལམ་དུ་གསལ་ཡོང་བ་ནི་སྟར་བུའི་འབྲས་བུ་དམར་སེར་བསྟར་ལ་བརྒྱུས་པ་དག་རེད་ལ། འབྲས་བུ་ལ་ལ་ཤིན་ཏུ་སྨིན་ཞིང་བཟའ་ཆོག་པའི་ཚད་དུ་བསླེབས་འདུག་པ་དང་། སྟར་ཤིང་གི་མགོ་བོ་ཡང་ཐུར་དུ་དྲུད་འདུག

                       ས་མཐོའི་གནས་སུ་ཅུང་ཟད་འཁྱག་པས། འབྲས་བུ་སྨིན་ཚད་ཤིན་ཏུ་དལ་མོ་རེད། ས་དམའ་མོར་ཆགས་པའི་སྡེ་བར་སྟར་ཤིང་བཙུགས་པས། འབྲས་བུ་སྨིན་ཚད་ཧ་ཅང་མགྱོགས་པོ་རེད་ལ། དཔལ་འབྱོར་གྱི་ཕན་འབྲས་ཐོན་ཚད་ཀྱང་མགྱོགས་པོ་རེད་ཅེས་ཝན་ཐའོ་ཡུན་གྱིས་གསར་འགོད་པར་བཤད། མིག་སྔར། གཟི་རྩ་སྡེ་དགུའི་ས་མགོ་དམའ་ས་དག་གི་སྟར་བུའི་འབྲས་བུ་སྨིན་པའི་དུས་ཚིགས་སུ་བསླེབས་ཡོད་པ་རེད།

ཝན་ཐའོ་ཡུན་གྱིས་གསར་འགོད་པར་རང་ཁྱིམ་གྱི་སིལ་ཏོག་ངོ་སྤྲོད་བྱེད་བཞིན་པ།

                       ཝན་ཐའོ་ཡུན་ནི་ད་ལོར་ལོ་ན55སོན་པའི་རྒན་པོ་ཞིག་ཡིན་པ་དང་། ཁྱིམ་དུ་བཟའ་མི་བརྒྱད་ཡོད་ལ། རང་གི་རྒན་མོ་དང་བུ་གཉིས་ཀྱིས་ཕྱི་ཡུལ་དུ་ལས་གླ་བྱེད་བཞིན་ཡོད་པས། ཁྱིམ་གྱི་ཞིང་ལས་ཐམས་ཅད་རྒན་པོ་ཁོང་གཅིག་པུས་བསྒྲུབ་དགོས་ལ། འཚོ་བ་ཤིན་ཏུ་ཐབས་ཆག་རེད། ཞིང་སར་བརྟེན་ཏེ་སྒོར་མོ་བསྒྲུབ་རྒྱུ་ནི་སྡེ་དམངས་རྣམས་ཀྱི་ཆེས་སྤྱིར་བཏང་གི་རེ་འདུན་ཞིག་ཡིན་ནའང་། ལོ་སྔོན་མ་དག་ལ་ཞིང་སའི་ཡོང་སྒོ་ཤིན་ཏུ་དམའ་ལ། ཕལ་ཆེར་འགྲོ་སོང་གིས་ཆེ་བར་གྱུར་འདུག་སྟེ། རི་མཐོ་ཞིང་ལམ་ཐག་རིང་བའི་ཞིང་སར་དཀའ་ལས་བརྒྱབ་ནས་ཞོག་ཁོག་དང་། མ་རྨོས་ལོ་ཏོག་བཏབ་པ་དེར་ཡོང་སྒོ་ཅུང་ཟད་ཙམ་ལས་མི་འདུག་ལ། དཀའ་ལས་བརྒྱབ་པའི་རིན་འབབ་ཙམ་ཡང་མི་འདུག དེ་བས་རི་ན་སྐྱེས་པའི་སྟར་བུའི་འབྲས་བུ་བཏོགས་ནས་འཚོང་བ་ནི་ཝན་ཐའོ་ཡུན་ཚང་གི་ཁྱིམ་གྱི་ཡོང་འབབ་མཐོ་བར་གཏོང་བའི་ཐབས་ལམ་ཉིད་དུ་གྱུར།

                     “སྔོན་མར་རི་མགོར་སོང་ནས་སྟར་བུ་འཐོག་པའི་སྐབས་སུ། གལ་ཏེ། སྟར་བུ་རང་ཁྱིམ་གྱི་ར་སྐོར་དུ་བཙུགས་ཐུབ་པ་ཡིན་ན། འདི་འདྲའི་དཀའ་ལས་ཀྱང་བརྒྱབ་དགོས་དོན་མི་འདུག་སྙམ་བྱུང་།”ཁྲོམ་རའི་ནང་གི་སྟར་བུའི་རིན་གོང་མཐོང་མ་ཐག ཝན་ཐའོ་ཡུན་གྱི་སེམས་སུ་སྟར་བུ་རང་ཁྱིམ་གྱི་ར་སྐོར་དུ་འཛུགས་པའི་བསམ་ཚུལ་ཤར་ཞིང་། ས་གནས་གྲོང་རྡལ་སྲིད་གཞུང་གི་རོགས་འདེགས་འོག་ནས་ཝན་ཐའོ་ཡུན་གྱིས་ལོ་བཞིའི་སྔོན་ནས་ཚོད་ལྟ་བྱེད་མགོ་ཚུགས་ཤིང་། ལོ་གཉིས་ཀྱི་རྗེས་ཙམ་ནས་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ། སྟར་བུ་རབ་ཏུ་སྨིན་པར་གྱུར་ལ། འབྲས་བུ་མང་བ་ཙམ་དུ་མ་ཟད། བཟའ་ན་བྲོ་བ་ཡང་ཤིན་ཏུ་བཟང་བར་གྱུར།

                        སྟར་བུའི་ཤུན་པགས་བར་གྱི་སྐྱི་ཤ་ཤིན་ཏུ་སྐྱུར་ཞིང་། ནང་སྙིང་ཅུང་ཟད་སྐྱུར་ལ། ལན་ཚྭའི་བྲོ་བའང་ཅུང་ཟད་འདྲེས་ཡོད། ཟོས་ན་གློ་བ་དང་། གྲེ་བ། མཁལ་མ། ཁྲག་སོགས་ལ་ཕན་ཞིང་། སྨིན་ཚད་མགྱོགས་པ་དེས་སྟར་བུ་འཛུགས་པའི་ཁྱིམ་ཚང་གི་ཡོང་སྒོ་ཡང་ཇེ་མཐོར་བཏང་ཡོད་པ་རེད།

                       སིལ་ཏོག་གི་ར་བར་སོང་བ་ན། སྦྲེལ་ཁམ་དང་། རྒུན་འབྲུམ་དང་། ཆང་བ་ལི་སོགས་སིལ་ཏོག་མང་པོས་ཡོངས་སུ་ཁྱབ་འདུག་ལ། འདི་དག་ཐམས་ཅད་ཝན་ཐའོ་ཡུན་རང་ཉིད་ཀྱིས་ཚོད་ལྟ་བྱས་ནས་བཙུགས་འོངས་པའི་སིལ་ཏོག་ཁྱད་པར་བ་དག་ཡིན་པར་མ་ཟད། ཁོས་བཤད་རྒྱུར། འཕེལ་རྒྱས་རང་བཞིན་གྱི་འདེབས་འཛུགས་དང་། གསོ་སྐྱོང་བྱས་ན། ད་གཟོད་གཞན་ལས་ལྷག་པ་དང་། གཞན་ལས་འབྲས་བུ་སྨིན་ཚད་མགྱོགས་པར་འགྱུར་ལ། དེ་ལྟར་བྱས་ན་དཔལ་འབྱོར་གྱི་ཡོང་འབབ་ཇེ་མཐོར་གཏོང་ཐུབ་ཅེས་བཤད།

ཝན་ཐའོ་ཡུན་གྱི་རྒན་མོས་རང་གི་ཚ་བུ་པང་དུ་བླངས་ཏེ་སྟར་བུ་བཟར་བཅུག་པའི་ཚུལ།

                      སྔར་ང་ཚོའི་ས་ཆར་སིལ་ཏོག་འདི་རྣམས་འཛུགས་སྲོལ་མེད་མོད། ད་ལྟ་ཝན་ཐའོ་ཡུན་གྱིས་སིལ་ཏོག་འདི་རྣམས་བཏབ་ཅིང་། ང་ཚོ་ཡང་ཁོའི་རྗེས་སུ་འབྲངས་ནས་འདེབས་འཛུགས་བྱས་པ་ཡིན། སིལ་ཏོག་འདི་དག་ལ་བརྟེན་ནས་ང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ཉིན་རེ་ལས་ཉིན་རེ་ཇེ་མཐོ་རེད་ཅེས་ཚའོ་ཕིང་སྡེ་བའི་སྡེ་དམངས་རྣམས་ཀྱིས་བཤད།

                   “ང་རང་གིས་འཛུགས་པ་ཙམ་དུ་མ་ཟད། སྡེ་མི་གཞན་པ་རྣམས་ཀྱིས་ཀྱང་སྟར་བུ་དང་སྦྲེལ་ཁམ་འཛུགས་ན་ལེགས་པོ་འདུག་སྙམ་བྱུང་།”བསམ་ཚུལ་འདི་ཡོད་པ་ནས་བཟུང་། ཝན་ཐའོ་ཡུན་གྱིས་རང་ཁྱིམ་ནས་བཙུགས་པའི་སིལ་ཏོག་རྣམས་སྡེ་མི་གཞན་པ་རྣམས་ལ་བྱིན་ཞིང་། སྡེ་མི་འགའ་དང་ལྷན་དུ་གཟི་རྩ་སྡེ་དགུ་རྫོང་སིལ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། ཝན་ཐའོ་ཡུན་གྱིས་བཤད་པ་ལྟར། རང་གིས་བཙུགས་པའི་སིལ་ཏོག་གི་ཡོང་འབབ་བཟང་པའི་རྗེས་སུ། ཉེ་འཁོར་གྱི་སྡེ་དམངས་རྣམས་ལའང་ལག་རྩལ་བསླབས་ཏེ། ཁོ་ཚོར་ཡང་སིལ་ཏོག་བཙུགས་སུ་བཅུག་པ་དང་། ཐུན་མོང་གི་ཡོང་འབབ་མཐོ་རུ་བཏང་ནས་ཐམས་ཅད་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་བྱས་པ་རེད།

                     མིག་སྔར། ཝན་ཐའོ་ཡུན་གྱིས་བཙུགས་པའི་སྟར་བུའི་ཐོན་ཚད་རྒྱ་མ100ལ་བསླེབས་ཤིང་། ཡོང་འབབ་སྒོར2000ལྷག་ཡིན། སྦྲེལ་ཁམ་མུའུ3བཙུགས་ཡོད་ཅིང་། ལོ་རེའི་ཡོང་འབབ་སྒོར་ཁྲི་ལ་ཉེ་བ་ཙམ་ཡིན། སྡེ་དམངས་རྣམས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་ཆེད་དུ། གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་མཛུབ་ཁྲིད་འོག ཝན་ཐའོ་ཡུན་གྱིས་སྡེ་བ་དེའི་ཁྱིམ་ཚང60ལྷག་དང་། སྡེ་བ་གཞན་པའི་ཁྱིམ་ཚང300ལྷག་ལ་སྟར་བུ་དང་སྦྲེལ་ཁམ་བཙུགས་སུ་བཅུག་པའོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།