ཁྱེད་ཀྱིས་རྒྱུན་སྤྱོད་ཀྱི་ལོ་ཚིགས་བརྩི་སྲོལ་འདི་དག་ཤེས་སམ།

རྩོམ་པ་པོ།   ​ཚུལ་ཁྲིམས་བཟང་པོས་བསྡུ་སྒྲིག་བྱས།དུས་ཚོད།   2018-08-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རབ་བྱུང་གི་བརྩི་སྲོལ།

                 རབ་བྱུང་གི་བརྩི་སྲོལ་ནི་བོད་དུ་དུས་ནམ་ཞིག་ནས་བརྩི་འགོ་བརྩམས་པ་རེད་ཟེར་ན། སྤྱི་ལོ་1027ལོ་སྟེ། དུས་འཁོར་རྩ་རྒྱུད་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་བའི་ལོ་དེ་ནས་བཟུང༌། ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་རབ་བྱུང་བརྩི་བའི་སྲོལ་བཏོད་པ་ཡིན། རབ་བྱུང་གཅིག་ལ་ལོ་60ཡོད་ཅིང༌། དེའི་ལོ་དང་པོ་ནས་བགྲང་བྱ་གཅིག་རེ་བྱས་ནས་རྩི་བཞིན་ཡོད།  དེ་ཡང་མེ་མོ་ཡོས་ཀྱི་ལོ་ནས་འགོ་ཚུགས། ད་སྐབས་གཙོ་བོ་བོད་ཕྱི་ནང་གི་ས་ཁུལ་ཀུན་དུ་རྩི་སྲོལ་རྒྱུགས་ཆེ་བ་ཞིག་ཏུ་གྱུར་ཡོད། །

མེ་མཁའ་རྒྱ་མཚོའི་བརྩི་སྟངས།

               མེ་མཁའ་རྒྱ་མཚོ་ཞེས་པ་ནི་གྲངས་ཀ་ཞིག་གི་མཚོན་བྱེད་ཡིན་ལ། གྲངས་ཀྱི་མངོན་བརྗོད་ལྟར་ན་མེ་ནི་གསུམ་དང་མཁའ་ནི་སྟོང་བ་སྟེ་ཐིག་དང་རྒྱ་མཚོ་ནི་བཞི་ཡི་མིང་གི་རྣམ་གྲངས་སུ་བཤད་པས་མེ་མཁའ་བསྡོམས་པས་གྲངས་403ཐོབ་པ་ཡིན། འོ་ན་རིམ་པ་ལྟར་བཀླགས་ན་304མ་ཡིན་ནམ་ཞེ་ན། གྲངས་ཀྱི་མངོན་བརྗོད་ནི་བཟློག་སྟེ་བཀླག་དགོས་པས་304ལ་ངོས་འཛིན་མི་རུང་ངོ་། ། འབྲི་བགྲང་སྣོན་པ་རང་གི་གཡས། སྒྱུར་བགོད་འཕྲི་བ་གཡོན་ལ་རྩོམ་ཞེས་རྩིས་ཀྱི་སྔོན་འགྲོ་རུ་གསུངས་པ་ལྟར་རོ། ། ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་བཅུ་པ་རྒྱ་མཚོ་རྣམ་རྒྱལ་དང་བཅུ་གཅིག་པ་རྒྱལ་དཀས་སྲིད་བསྐྱངས་པའི་ཡུན་ནི་བསྡོམས་ན་བཞི་བརྒྱ་དང་བཅུ་མེད་གསུམ་ཟིན་པས་ཕྱིས་སུ་རིགས་ལྡན་རྒྱལ་བོ་དེ་གཉིས་ཀྱི་ཁྲི་ལོའི་བསྡོམས་གྲངས་མཚོན་བྱེད་ཀྱི་ཐ་སྙད་དུ་གྱུར། དེ་ནི་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལྟར་བརྩིས་པ་ཞིག་ཡིན་ལ། མགོ་ཚུགས་དུས་སྤྱི་ལོའི་དབང་དུ་བྱས་ན་སྤྱི་ལོ་723ལོ་འགོ་ཚུགས་ཏེ། སྤྱི་ལོ་1026ལོ་མཇུག་རྫོགས་པའོ། །

འདས་ལོ་དང་བོད་རྒྱལ་ལོའི་བརྩི་སྟངས།

                 འདས་ལོ་ཞེས་པ་སྐབས་འདིར་སངས་རྒྱས་ཀྱི་འདས་ལོ་ལ་གོ་ཞིང་དེར་ལུགས་མི་མཐུན་པ་ཧ་ཅང་མང་པོ་ཞིག་ཡོད། གཞན་པའི་འདས་ལོ་དག་ཡིག་ཚོགས་ལ་འཇིགས་ནས་ངོ་སྤྲོད་བྱ་རྒྱུ་མིན་པས་གཞན་ལས་ཤེས་པར་བྱ། འདིར་དེ་དག་ལས་དེང་སང་འཛམ་གླིང་ཡོངས་ལ་རྒྱུགས་ཆེ་བའི་གནས་བརྟན་སྡེ་བའི་ལུགས་སམ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ལྟར་ན་སངས་རྒྱས་ཀྱི་འདས་ལོ་ནི་སྤྱི་ལོའི་སྔོན་གྱི་ལོ་544པ་ཡིན། དེས་ན་རང་རེའི་ལོ་རྒྱུས་ཡིག་ཆ་དེབ་ཐེར་དཀར་པོ་ལས་སངས་རྒྱས་ཀྱི་འདས་ལོ་ནི་འདི་ལ་གཏུགས་ཡོད། བོད་རྒྱལ་ལོ་ནི་སྤྱི་ལོའི་སྔོན་གྱི་ལོ་127སྟེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་ནས་བཟུང་བརྩིས་པ་ཞིག་ཡིན། ད་སྐབས་སྤྱི་ལོ2018ལོར། འདས་ལོ2561དང༌། བོད་རྒྱལ་ལོ2144བཅས་ལ་ཐོན་ཡོད། དེང་སྐབས་བོད་ཡོངས་ལ་ལུགས་འདི་བརྩི་བཞིན་པའང་མང་ཙམ་འདུག

སྤྱི་ལོའམ་ཕྱི་ལོ་དང་སྤྱི་ལོ་སྔོན་གྱི་ལོ་བརྩི་སྟངས།

                 བརྩི་ཚུལ་འདི་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀའི་འཁྲུངས་ལོའམ་འཁྲུངས་ནས་ལོ་བཞི་ནས་སྤྱི་ལོ་བརྩི་འགོ་ཚུགས་པར་བཤད། འཛམ་གླིང་ན་དར་ཁྱབ་ཆེའི་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་ལས། ཡེ་ཤེས་ཆོས་ལུགས་གི་སྟོན་པ་མ་ཤི་ཀ་ཁོང་དགོངས་གྲངས་34པ་ན་སྐུ་གཤེགས། ཡེ་ཤུའི་འཁྲུངས་ལོ་དེ་དང་པོ་བྱས་ནས་དེ་ནས་ཡར་ལུགས་ལྡོག་གིས་བརྩིས་ནས་འགྲོ་བ་ལ་སྤྱི་ལོའི་སྔོན་གྱི་ལོ་ཟེར། ནུབ་ཕྱོགས་པས་ཕྱི་ལོ་532དང་རྒྱ་ནག་པས་སྤྱི་ལོ1949ནས་དངོས་སུ་བེད་སྤྱོད་བྱས་པ་ཡིན། བོད་དུ་བཅོས་བསྒྱུར་བྱས་རྗེས་ད་གཟོད་བརྩི་སྲོལ་འདི་ཉིད་དར་བའོ། ། ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་སོང་ཡོད་པའི་བརྩི་ཚུལ་ཞིག་ཡིན། །

ལོ་རབས་དང་དུས་རབས་ཀྱི་བརྩི་སྟངས།

                   དེང་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་བཀླག་སྐབས་བརྩི་སྟངས་འདི་བཀོལ་བ་ཅུང་མང་། དེས་ན་བརྩི་ཚུལ་དེ་ནི་ཕྱི་ལོའམ་སྤྱི་ལོ་བརྩི་གཞིར་བཟུང་སྟེ། ལོ་10ལ་ལོ་རབས་གཅིག་དང༌། ལོ་100རེ་ལ་དུས་རབས་གཅིག་ཟེར། གོམས་སྲོལ་ལ་དུས་རབས་ཤིག་གི་ལོ་སྔོན་མ་20ལ་དུས་རབས་ག་གེ་མོའི་མགོ་དང༌། དུས་རབས་ཤིག་གི་མཇུག་གི་ལོ10ལ་དུས་རབས་ག་གེ་མོའི་མཇུག་ཟེར་སྲོལ་ཡོད། དཔེར་ན་ད་སྐབས་ནི་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་པ་ལ་སླེབས་ཡོད་པ་ལྟ་བུའོ། ། 

གྲངས་གནས་དྲུག་ཅུ་བརྩི་སྟངས།

                  གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ། ས་ཡ་བྱེ་བ་དུང་ཕྱུར་ཏེ། ། དགུ་པོ་རྐྱང་པའི་གྲངས་སུ་བརྗོད། ། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། ། གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། ། སྤང་རྟེན་དེད་འདྲེན་མཐའ་སྣང་དང་། ། རྒྱུ་རིག་འོད་མཛེས་དབང་པོ་དང་། ། ལེགས་འབྱིན་རྟོགས་འགྲོ་འབྱིང་རྡུལ་དང་། ། རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། ། རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ། ། བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། ། ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། ། གྲངས་མེད་པ་ནི་ཐ་མའོ། ། གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།