འཛམ་ཐང་རྫོང་གི་བོད་ཀྱི་ཟློས་གར་ཚོགས་པ།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2018-08-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དང་པོ། བོད་ཀྱི་ཟློས་གར་གྱི་བྱུང་བ་མདོ་ཙམ་བརྗོད་པ།

                  ཟློས་གར་ཞེས་པ་ནི་ལུས་ཀྱི་ཉམས་འགྱུར་དང་། རྐང་བའི་སྟངས་སྟབས། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་གར་བྱེད་པ་ལ་བྱ་ཞིང་། སྔར་རྒྱ་གར་དུ་གླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་དང་། དོ་ཤལ་མའི་ཟློས་གར་སོགས་ཟློས་གར་གྱི་བསྟན་བཅོས་ཤིན་ཏུ་མང་པོ་དར་བར་བཞེད། རང་རེའི་བོད་དུ། རྒྱ་གར་གྱི་མཁན་པོ་ལཀྵྨ་ཀ་ར་དང་ཤང་སྟོན་ལོ་ཙཱ་བ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་གོང་གི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གཉིས་དཔལ་ས་སྐྱའི་གཙུག་ལག་ཁང་ནས་བོད་སྐད་དུ་བསྒྱུར་ཅིང་། ད་ལྟ་བསྟན་འགྱུར་གྱི་སྐྱེས་རབས་ཀྱི་སྐོར་དུ་བཞུགས་པ་ཡིན། དེ་མིན་ཕོ་བྲང་པོ་ཏ་ལའི་ལྡེབས་བྲིས་སུ་བཙན་པོ་སྲོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་གཉེན་དུ་བསུ་སྐབས་དགའ་སྟོན་གྱི་གླུ་གར་རྒྱ་ཆེན་པོ་རྩེ་བའི་ཚུལ་དང་། བསམ་ཡས་ལྡེབས་བྲིས་སུ་བསམ་ཡས་བཞེངས་གྲུབ་ཀྱི་དགའ་སྟོན་དུ་རིགས་མི་འདྲ་བ་དུ་མའི་གར་རྩེ་བ་སོགས། ཕྱི་ལོ༡༤༠༠ཡས་མས་ནས་བོད་རང་དུའང་གླུ་གར་སྒྱུ་རྩལ་སོགས་འཁྲབ་སྟོན་བྱེད་པའི་སྲོལ་ཆེས་ཆེར་དར་ཡོད་པར་བསམས་ན། ཆེས་སྔོན་མ་ཞིག་ནས་ཟློས་གར་སོགས་འཁྲབ་སྟོན་བྱེད་སྲོལ་གྱི་དབུ་བརྙེས་ཡོད་པར་སེམས། 

               ཡོངས་གྲགས་ལྟར་བྱས་ན། རང་རེའི་བོད་དུ་ཟློས་གར་འཁྲབ་སྟོན་གྱི་སྲོལ་ནི་དུས་རབས་བཅུ་བཞི་པར་བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་རིང་ནས་ཆེས་ཆེར་དར་བ་དང་། ཁོང་གིས་ལྕགས་ཟམ་བསྐྲུན་པའི་མཐུན་རྐྱེན་ལ་དམིགས་ཏེ། ཤེས་རིག་བཀྲ་ལ་གཟུགས་བྱད་མཛེས་པའི་ལྷོ་ཁའི་གཞོན་ནུ་མ་སྤུན་བདུན་ལ་གྲུབ་ཆེན་ཉིད་ཀྱིས་སྟངས་སྟབས་དང་འགྱུར་ཁུག་སོགས་བསླབས་ཏེ། བུ་མོ་གཉིས་ལ་རྔོན་པ་དང་། བཞི་ལ་ལྷ་མོ། གཅིག་ལ་རོལ་མོ་པ། གྲུབ་ཆེན་ཉིད་ཀྱིས་རྔ་རྡུང་མཁན་མཛད་དེ་ལྷ་མོ་ཚོགས་པ་ཐོག་མར་བཙུགས་པ་དང་། རྒྱ་གར་དང་བོད་ཀྱི་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ཟློས་གར་གྱི་ལམ་ནས་བསྟན་པས། མཁས་བླུན་ཀུན་གྱི་ཡིད་དབང་རབ་ཏུ་ཕྲོགས་ཤིང་། བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར། འཁྲབ་མཁན་རྣམས་ཀྱི་གཟུགས་བྱད་དང་ལུས་ཀྱི་ཉམས་འགྱུར་སོགས་ཤིན་ཏུ་ཡག་པས་ཐམས་ཅད་ཀྱིས་ནམ་མཁའི་ལྷ་མོས་གར་འཁྲབ་པ་ལྟར་ངོ་མཚར་ཆེ་ཞེས་བསྟོད་བསྔགས་བྱས་པས། བོད་ཀྱི་ལྷ་མོའི་ཟློས་གར་དུའང་གྲགས། དེ་ནས་རིམ་བཞིན་ཟློས་གར་ཚོགས་པ་མང་དུ་སོང་ནས་སྐྱོར་མོ་ལུང་པ་དང་། རྒྱང་མཁར་བ། ཤངས་པ། གཅུང་པ། འབྲི་གུང་བ་བཅས་བྱུང་བ་དང་། དུས་རབས་བཅོ་བརྒྱད་པ་ཡས་མས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་པ་ལེགས་པར་གྲུབ་པའི་རབ་གནས་ཀྱི་ཉིན་མོའི་དགའ་སྟོན་དུ། ལྷ་མོ་ཚོགས་པས་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འཁྲབ་ཚུལ་སོགས་གསེར་གདོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཏུ་གསལ་ལ། དེ་ནས་རིམ་པར་བོད་ཀྱི་ཡུལ་ལུང་རྣམས་སུ་དར་བ་ཡིན་ནོ།།

གཉིས་པ། བྱེ་བྲག་ཏུ་འཛམ་ཐང་རྫོང་ཟློས་གར་ཚོགས་པའི་བྱུང་བ་མདོ་ཙམ་བརྗོད་པ།

                  དེ་ཡང་མདོ་ཁམས་བྱང་ཕྱོགས་སུ་དར་བའི་ཚུལ་ལ་བཤད་ཚུལ་མི་འདྲ་བ་འགའ་རེ་འདུག་ལ། འཇམ་དབྱངས་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན(1916—1947)མཆོག་སྐུ་འདས་པའི་རྗེས་ནས་རིམ་གྱིས་དར་བ་སྟེ། རྡོ་གྲུབ་སྐུ་ཕྲེང་བཞི་པ་རིག་འཛིན་འཇའ་ལུས་རྡོ་རྗེ(1927—1961)མཆོག་གིས་ཕྱི་ལོ1948ལོར་གྲྭ་བཙུན་ཉི་ཤུ་ལྷག་ཁྲིད་དེ། བྱང་ཉི་མ་བླ་བྲང་དུ་རྣམ་ཐར་དང་ཟློས་གར་འཁྲབ་སྟོན་བསླབ་ཏུ་སོང་བ་དང་། བླ་བྲང་དགོན་པས་སྣེ་ལེན་ལེགས་པར་ཞུས། ཉི་མ་བརྒྱ་དང་ལྔ་ལ་ཟློས་གར་འཁྲབ་སྟོན་ལ་བསླབས་ཤིང་། ཕྱིར་སླེབས་པའི་ལམ་ནས་རྨེ་བ་དགོན་དང་། རྔ་བའི་བསེ་དགོན་པ་བཅས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱས་ལ། ཡུལ་དེའི་དད་ལྡན་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས། ཁོང་གིས་རྡོ་ཡུལ་གྲུབ་ཆེན་དགོན་ནས་དྲི་མེད་ཀུན་ལྡན་དང་། འགྲོ་བ་བཟང་མོ་གཉིས་རིམ་གྱི་དར་སྤེལ་བཏང་།  ཕྱི་ལོ1953ལོར་གླིང་འབུད་དགོན་པའི་གྲྭ་བཙུན་བཅུ་གཉིས་གྲུབ་ཆེན་དགོན་དུ་ཟློས་གར་འཁྲབ་སྟོན་བསླབ་ཏུ་ཡོང་བ་དང་། ཁོ་ཚོས་ཀྱང་ཟློས་གར་འཁྲབ་སྟོན་ཆེས་ཆེར་དར་བར་བྱས་ནའང་། དུས་འགྱུར་གྱི་དབང་གིས་ལོ་རབས་དྲུག་ཅུ་པ་ནས་འཁྲབ་མཚམས་ཆད་པར་གྱུར།

                  ཕྱི་ལོ1979ལོའི་ལོ་མགོར། འཛམ་ཐང་རྫོང་རིག་གནས་ཁང་དང་། ན་མདའ་ཀུང་ཧྲེའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་། བོད་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་དང་། སྲོལ་རྒྱུན་རིག་གནས། དམངས་གླུ་སོགས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་སྲིད་ཇུས་བཟང་པོའི་འོག་ཏུ། ཕྱི་ལོ1979ལོའི་ཟླ7པའི་ཚེས22ཉིན། ན་མདའ་སྡེ་བའི་ལས་ཞོར་ཟློས་གར་ཚོགས་པ་དངོས་སུ་བཙུགས་ཤིང་།  ཨ་སྐྱོང་རྒྱ་སྤྲུལ་ངག་དབང་བསྟན་འཛིན་མཆོག་གིས་འཁྲབ་སྟོན་པ་དང་། འཁྲབ་གཞུང་རྩོམ་པ་པོ། རོལ་མོ་པ། འཆམ་གོས་འཆར་འགོད་པ་སོགས་གཅིག་ལྕོགས་བགྱིས་ཏེ། སེར་མོ་དྲུག་ཅུ་ལྷག་ལ་ཟླ་བ་གཉིས་ཀྱི་རིང་དུ་ཟློས་གར་འཁྲབ་སྟོན་བསླབས་ཤིང་། ལོ་དེའི་ཟླ10པའི་ཚེས1ཉིན་ན་མདའ་ཀུང་ཧྲེ་ནས་དྲི་མེད་ཀུན་ལྡན་འཁྲབ་སྟོན་བྱས་པ་དང་། དེར་ལྟད་མོ་བ་ཉིས་ཁྲིར་ཉེ་བ་ཙམ་བསླེབས་ཞེས་གསུངས་ལ། དེ་རྨང་གཞི་བྱས་པའི་སྟེང་ནས་རིམ་གྱིས་ད་ལྟའི་བར་དུ་ཁྲི་སྲོང་ལྡེའུ་བཙན་དང་། སྲོང་བཙན་སྒམ་པོ། འགྲོ་བ་བཟང་མོ། ཁྱི་ར་བ་མགོན་པོ་རྡོ་རྗེ། དོན་ཡོད་དོན་གྲུབ་སོགས་ཀྱི་འཁྲབ་གཞུང་རྩོམ་སྒྲིག་དང་བཅོས་སྒྲིག་གནང་བར་མ་ཟད། རྟ་རྒྱུག་རྒྱལ་འཇོག་དང་། ཧོར་གླིང་གཡུལ་འགྱེད། བདུད་འདུལ། འདན་མའི་ནས་རྫོང་སོགས་ད་ལྟ་འཁྲབ་གཞུང་བཅུ་གསུམ་ཙམ་ཡོད་པ་དང་། འཁྲབ་གཞུང་བཅུ་གཅིག་དངོས་སུ་གར་སྟེགས་སྟེང་འཁྲབ་ཟིན་ཞེས་ཁོང་གིས་གསུངས།

                 ཕྱི་ལོ1986ལོའི་ཟླ5པའི་ཚེས22ཉིན་དང་། ཕྱི་ལོ1997ལོའི་ཟླ6པའི་ཚེས18ཉིན་བཅས་སུ་ཐེངས་གཉིས་ལ། ཀྲུང་དབྱང་རིག་གནས་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ཚོགས་པ། ཀྲུང་གོའི་རྩོམ་རིག་མཐུན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་སོགས་ཀྱི་བྱ་དགའ་ཐོབ་ཅིང་། དེ་ལྟར་འཛམ་ཐང་རྫོང་ཟློས་གར་ཚོགས་པ་དར་སྤེལ་དང་རྒྱུད་འཛིན་བྱུང་བ་ཡིན་ཞེས་གསུངས།

                ལོ་སར་དང་། རྫོང་སྟོན་དང་། ཁུལ་སྟོན་སོགས་དུས་སྟོན་ཁག་ཏུ་ཟློས་གར་འཁྲབ་སྟོན་བྱེད་ཅིང་། ལོ་རེར་མང་ན་ཐེངས་མ་སུམ་ཅུ་དང་། ཆེས་ཉུང་ནའང་ཐེངས་མ་བཅོ་ལྔ་ཙམ་རེ་འཁྲབ་སྟོན་བྱེད་པ་དང་། ཕྱི་ལོ1981ལོའི་ཟླ9པར་དཀར་མཛེས་ཁུལ་འབའ་ཐང་དུ་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་འགྲན་སྡུར་དུ། ན་མདའི་ཟློས་གར་ཚོགས་པས་དྲི་མེད་ཀུན་ལྡན་གྱི་ཟློས་གར་འཁྲབ་སྟོན་བྱས་ཤིང་། ཨང་དང་པོའི་བྱ་དགའ་བླངས་པ་སོགས། བོད་ཀྱི་ས་ཕྱོགས་མང་དག་ཅིག་ཏུ་སོང་སྟེ་རྣམ་ཐར་འཁྲབ་སྟོན་བྱས་ཤིང་། བྱ་དགའ་མང་དུ་བླངས་པར་མ་ཟད། སྔ་ཕྱིར་ལོ་ངོ་སོ་ལྔ་ཙམ་གྱི་རིང་ལ་ཐེངས་མ་སུམ་བརྒྱ་ལྷག་འཁྲབ་སྟོན་བྱས་པ་རེད།

                མིག་སྔར་ཁུལ་རིམ་པ་དང་། རྒྱལ་ཁབ་རིམ་པའི་མགོ་ཁྲིད་རྣམས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཕྱི་ལོ2012ལོའི་ཟླ11པའི་ཚེས29ཉིན། སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཛམ་བྷ་ལའི་ཟློས་གར་ཚོགས་པ་དངོས་སུ་བཙུགས་ཤིང་། དེར་སེར་མོ་བཅོ་བརྒྱད་དང་། སྐྱ་བོ་ཉི་ཤུ་རྩ་གྲངས་སྟེ། ཁྱོན་འཁྲབ་སྟོན་པ་བཞི་བཅུ་ལྷག་ཡོད་ལ། ཐམས་ཅད་སྤྱི་ཕན་རང་བཞིན་གྱི་ལས་གནས་ཡིན།

                ཕྱི་ལོ2013ལོ་ནས་ཕྱི་ལོ1014ལོའི་བར་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གཉིས་འཁྲབ་གཞུང་འོད་སྡེར་དུ་ཕབ་ཅིང་། སྤྱི་ཚོགས་སྟེང་བཀྲམ་པ་དང་། ཕྱི་ལོ2015ལོ་ནས་དྲི་མེད་ཀུན་ལྡན་དང་། རྟ་རྒྱུག་རྒྱལ་འཇོག་གཉིས་འོད་སྟེར་དུ་ཕབ་པའི་འཆར་གཞི་བཟོས་པ་སོགས། རྣམ་ཐར་འཁྲབ་སྟོན་དང་རྒྱུན་འཛིན་དར་སྤེལ་སོགས་ཀྱི་ཕྱོགས་ལ་ཕྱག་རྗེས་མི་དམན་པ་བཞག   དེ་མིན་རང་ཁུལ་གྱི་ས་ཕྱོགས་སོ་སོར་སོང་སྟེ་འཁྲབ་སྟོན་བྱས་ཤིང་། ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས།

གསུམ་པ། འཛམ་ཐང་རྫོང་ཟློས་གར་ཚོགས་པའི་སྲོལ་འབྱེད་པ་ཨ་སྐྱོང་རྒྱ་སྤྲུལ་ངག་དབང་བསྟན་འཛིན་མཆོག་ངོ་སྤྲོད་མདོར་བསྡུས།

                      འཛམ་ཐང་རྫོང་ཟློས་གར་ཚོགས་པའི་སྲོལ་འབྱེད་པ་ཨ་སྐྱོང་རྒྱ་སྤྲུལ་ངག་དབང་བསྟན་འཛིན་མཆོག་ནི་ཕྱི་ལོ1949ལོའི་ཟླ5ཚེས13ཉིན་ཤར་འཛི་ཀའི་འཛི་རོང་དགེ་ཁང་མདའ་རུ་སྐུ་འཁྲུངས་ཤིང་། ཆུང་ངུའི་དུས་ནས་རྣམ་དཔྱོད་བཀྲ་ཞིང་དཔེ་ཆ་སློབ་གཉེར་སོགས་ལ་སྦྱང་བརྩོན་ཆེན་པོ་མི་དགོས་པར་རང་མཁྱེན་དུ་ཡོད་པར་བཞེད་ལ། ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་དང་རིག་འཛིན་འཇའ་ལུས་རྡོ་རྗེ་སོགས་སྐྱེས་ཆེན་བཅུ་གསུམ་གྱིས་ཨ་སྐྱོང་རྒྱ་སྤྲུལ་སྐུ་འཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་བཟུང་ཨ་སྐྱོང་དགོན་དུ་ཁྲི་འདོན་གྱི་མཛད་སྒོ་སྤེལ་ཅིང་། དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་མན་ངག་རྒྱ་ཆེར་གསན། ཁོང་གིས་ཕྱི་ལོ1979ལོའི་ཟླ10ཚེས1ཉིན། འཛམ་ཐང་རྫོང་རིག་གནས་ཁང་དང་ན་མདའ་ཀུང་ཧྲེའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ན་མདའ་སྡེ་བའི་ལས་ཞོར་ཟློས་གར་ཚོགས་པ་དངོས་སུ་བཙུགས་པ་ནས་བཟུང་ད་ལྟའི་བར་དུ་ཁོང་གིས་བོད་ཀྱི་ཟློས་གར་རིག་གནས་འཚོལ་སྡུད་དང་། རྩོམ་སྒྲིག་དང་། གསར་གཏོད་སོགས་ཀྱི་ཕྱག་ལས་གནང་ཡོང་བ་དང་། བོད་ཀྱི་ཟློས་གར་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཕྱོགས་ལ་སྒོ་ཀུན་ནས་འབད་པ་བྱེད་བཞིན་མཆིས་སོ།།

བཞི་པ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ངོ་སྤྲོད་མདོར་བསྡུས།

                 དེ་ཡང་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་པར་ཐར་བའི་ཁུངས་ནི་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ཞེས་པ་དེ་ཡིན་པ་དང་། མདོ་དང་དེ་དང་མཐུན་པར་བསྒྲིགས་པ་ཞིག་ཡིན་པར་བཞེད། རྒྱལ་བུ་དྲི་མེད་ཀུན་ལྡན་ནི་ཡབ་རྒྱལ་པོ་ས་སྐྱོང་གྲགས་པ་དང་། ཡུམ་བཙུན་མོ་དགེ་ལྡན་བཟང་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་པས་རྒྱལ་བློན་ཐམས་ཅད་ཤིན་ཏུ་དགའ་བར་གྱུར་ཅིང་། མཚན་ལའང་དྲི་མེད་ཀུན་ལྡན་ཞེས་གསོལ་བར་བཞེད། ཁོང་ཆུང་བའི་དུས་ནས་བྱམས་པ་དང་སྙིང་རྗེ་ཆེ་ཞིང་། དབུལ་བོ་དང་སེམས་ཅན་ཉམ་ཐག་རྣམས་ལ་སྦྱིན་པ་གཏོང་བར་ཐུགས་ཤིན་ཏུ་དགྱེས་པ་ཞིག་ཡིན། དེ་ནས་རིམ་གྱིས་ལག་ཆགས་པ་དང་། བཙུན་མོ་བཞེས་ཤིང་སྲས་གསུམ་པ་རིམ་པར་འཁྲུངས་སོ།། རྒྱལ་པོའི་བང་མཛོད་ཀྱི་ནོར་རྣམས་སྦྱིན་པར་བཏང་ཞིང་། ཡབ་རྒྱལ་པོའི་གཅེས་པའི་སྲོག་དང་འདྲ་བའི་ནོར་བུ་དགོས་འདོད་དཔུང་འཇོམས་ཀྱང་ཕངས་མེད་དུ་གཞན་ལ་བསྩལ་བས་ཡབ་རྒྱལ་པོ་ཐུགས་ཤིན་ཏུ་ཁྲོས་ཏེ། རྒྱལ་བུ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཤང་དུ་མཐར་བསྐྲད་བྱས་སོ།།

               ཡིན་ནའང་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་འགྲོ་བ་ཉམ་ཐག་རྣམས་ལ་སྦྱིན་པ་གཏོང་བའི་སྤྱོད་པ་བླ་ན་མེད་པར་འགྱུར་བ་ཅུང་ཟད་ཀྱང་མ་ཐེབས་པར། ཕར་བདུད་རི་ཧ་ཤང་ལ་བྱོན་པའི་ལམ་ནས་རང་གི་ཤ་ཁྲག་ལས་ཆད་པའི་སྲས་སྲས་མོ་དང་། རང་གི་བཙུན་མོ་མན་དྷེ་བཟང་མོ་ཡང་སྦྱིན་པར་བཏང་བར་མ་ཟད། ཐ་ན་ཕྱིར་ཕེབས་པའི་ལམ་ནས་བྲམ་ཟེ་མིག་ལོང་པ་ཞིག་ལ་རང་གི་སྤྱན་གཉིས་ཀྱང་སྦྱིན་པར་བཏང་བ་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པས་སྐུ་ཚེ་རྫོགས་པར་མཛད་པ་ཡིན་ནོ།།

               སྤྱི་ཚོགས་བདེ་ཞིང་འཆམ་མཐུན་ཡོང་བ་ལ་ཕན་ཚུན་སྙིང་ཉེ་ཞིང་། ཕན་ཚུན་གྱི་བདེ་སྡུག་མཉམ་མྱོང་ཐུབ་པ་དང་། ཕན་ཚུན་ལ་བློ་གཅིག་སེམས་གཅིག་གིས་རོགས་པ་བྱ་རྒྱུ་གལ་ཆེ་སྟེ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འདིས་ཀྱང་འདི་འདྲའི་བསམ་བློ་ཞིག་མངོན་པར་མཚོན་ཡོད་པ་ཡིན་ནོ།།

ལྔ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་ངོ་སྤྲོད་མདོར་བསྡུས།

                   དེ་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆེན་མོ། བོད་ཀྱི་ཆོས་སྲིད་རིག་གནས་ཀུན་ལ་མཛད་རྗེས་བླ་ན་མཐོ་བའི་བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་ནི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དབུ་རྨོག་མཐོ་ཞིང་ཐུགས་ཡིད་ཤིན་སྒམ་པས།། མཚན་ལ་སྲོང་བཙན་སྒོམ་པོ་ཞེས་སུ་གསོལ།། ཞེས་གསུངས་པ་ལྟར། བློན་མ་རུངས་མ་རྣམས་མེད་པ་བྱས་ཤིང་། ཞང་ཞུང་སོགས་ཆབ་འོག་ཏུ་བསྡུས་ཏེ། བོད་བཙན་པོའི་མཁའ་ཁོངས་གཅིག་གྱུར་མཛད། བློན་རིག་པ་ཅན་ཐོན་མི་མཆོག་རྒྱ་གར་དུ་བརྫངས་ཏེ་བོད་ཡིག་གི་སྲོལ་བཏོད། ཁོད་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ནས་རྒྱལ་སྲིད་ཆོས་བཞིན་ལེགས་པར་བསྐྱངས། ཕོ་བྲང་པོ་ཏ་ལ་གསར་བཞེངས་མཛད་པ་དང་། རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བཞེས་ཏེ། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་གཉིས་གསར་བཞེངས་མཛད་དོ།།

                 ཁོང་གིས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་ཤིང་། རྒྱ་བོད་གཉེན་དུ་བསྡེབས་པ་དེས་རྒྱ་བོད་མི་རིགས་ཀྱི་བླ་ན་མེད་པའི་མཛའ་མཐུན་མཚོན་པར་མ་ཟད། མི་རིགས་མཐུན་སྒྲིལ་ལ་ཕྱག་རྗེས་ཤིན་ཏུ་ཆེ་བ་ཡིན་ནོ། །འདི་གཉིས་ཀྱིས་མཚོན། བོད་ཀྱི་ཟློས་གར་རིག་གནས་ནི་ངོ་མཚར་ཆེ་ཞིང་། རྒྱུན་འཛིན་དང་དར་སྤེལ་བྱེད་པའི་རིན་ཐང་ཤིན་ཏུ་ཆེ་བར་མ་ཟད། འདི་ཉིད་མུ་མཐུད་འཁྲབ་སྟོན་དང་རྒྱུན་འཛིན་བྱ་རྒྱུ་ནི་ཛམ་ཐང་རྫོང་ཟློས་གར་ཚོགས་པའི་འོས་འགན་དང་གཟི་བརྗིད་ཀྱང་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།