མང་པོ་ཡིན་ནམ། མང་བོ་ཡིན།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2018-08-01   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                       འགའ་ཞིག་གིས་མང་པོ་དང་བཟང་པོ་ཞེས་པ་སོགས་ནོར་བ་ཡིན་ཏེ། སྔོན་གྱི་མཁས་པས་མཛད་པའི་སྡོམ་དུ། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །ཞེས་གསུངས་ཡོད་པའི་ཕྱིར་ཟེར་མོད། དག་པར་མ་མཐོང་སྟེ། གོང་གི་ཚིག་དེ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་ནས་ཡིན་ཚུལ་ཉིད་ཀྱི་ཁ་ནས་ཐོན་མོད། ལེགས་བཤད་ལྗོན་དབང་དུ། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་པ་ལས། ང་འ་ར་ལ་མཐའ་མེད་བ། །ཞེས་མ་གསུངས་པའི་ཕྱིར་རོ། །

                        ལྗོན་དབང་གི་དངོས་བསྟན་ཇི་ལྟ་བ་བཞིན་བྱས་ན། བདག་སྒྲའི་པ་པོ་དང་བ་བོའི་འཇུག་ཚུལ་དང་། མིང་མཐའི་པ་པོ་དང་བ་བོའི་འཇུག་ཚུལ་ལ་ཅུང་ཟད་མི་འདྲ་བའང་ཡོད་པར་སེམས་སོ། །

                        གཞུང་རང་དུ། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་པས། དེ་ནི་བདག་སྒྲའི་པ་པོ་དང་བ་བོའི་འཇུག་ཚུལ་ཡིན་པ་ཤིན་ཏུ་གསལ་ལོ། །ཚིག་མཇུག་ཏུ་ལེགས་ཞེས་གསུངས་དོན་གང་ཞེ་ན། བོད་ཀྱི་ཡུལ་སྐད་ཕལ་མོ་ཆེ་དང་མཐུན་ཞེས་པའི་དོན་དུ་སྣང་ཡང་། སི་ཏུ་མཆོག་གིས་དེ་ནི་གྲོང་པའི་ཕལ་སྐད་ཙམ་དུ་ཟད་པས་དཔེར་མི་འོས་ཞེས་ཀྱང་གསུངས་ཡོད།

                        འོ་ན་མིང་མཐའི་པ་པོ་དང་བ་བོའི་འཇུག་ཚུལ་བདག་སྒྲའི་པ་པོ་དང་བ་བོའི་འཇུག་ཚུལ་ལྟར་བྱས་ན་ཆོག་གམ་ཞེ་ན། མིང་མཐའི་པ་བའང་ཕལ་ཆེལ་འདྲ། །ཞེས་གསུངས་སོ། །ཁྱོད་ཀྱི་ལུགས་ལྟར་བྱས་ན། མིང་མཐའི་པ་བའང་ཡོངས་སུ་འདྲ། །ཞེས་གསུང་དགོས་པར་ཐལ་བར་མ་ཟད། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པ་དེའང་མི་འཐད་པར་འགྱུར་བ་ཡིན་ཏེ། བཟང་བོ་དང་མང་བོ་སོགས་སུ་བྲིས་ཚེ། ང་མཐའི་བདག་སྒྲ་ཆ་ལ་པོ་འཐོབ་དགོས་པ་ལ་བོ་སྦྱར་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་བས་ཉིད་ཀྱི་དགོངས་པ་བཞེས་སྟངས་དེ་བྱིས་པ་རྣམས་ལེགས་བཤད་ལྗོན་དབང་ལ་ཐོག་མར་འཇུག་པའི་སྐབས་ཀྱི་ཤེས་ལ་མ་ཤེས་པའི་ཚད་དུ་ཡོད་པ་ཤིན་ཏུ་གསལ་ལོ། །

                         གོང་གི་ཚིག་ཟུར་གྱི་ཕལ་ཆེར་འདྲ་ཞེས་པའི་དོན་ཅི་ཡིན་ནམ་ཞེ་ན། མིང་མཐའི་པ་བ་དེ་བདག་སྒྲའི་པ་བའི་སྦྱོར་ཚུལ་དང་ཅུང་ཟད་མི་འདྲ་བ་ཡོད་དེ། དམིགས་བསལ་བ་ཡིག་འཐོབ་པའི་ཡུལ་འགའ་ཞིག་ལ་པ་ཉིད་སྦྱར་དགོས་པའང་ཡོད་པས་ཕལ་ཆེར་འདྲ་ཞེས་གསུངས་པ་ཡིན་ཏེ།

                         དག་ཡིག་ངག་སྒྲོན་དུ། ལུང་པ་མདའ་པའི་འབྱོར་པ་ཡིས། །ཡུལ་པ་ཕུ་པ་ཚིག་སོགས་དཔྱད། །ཅེས་གསུངས་ཤིང་། ཁུ་ནུ་བླ་མ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་ངག་སྒྲོན་གྱི་འགྲེལ་བ་ཚིག་གསལ་ཞེས་པ་རུ། གཞན་དུ་བ་ཡིག་འཐོབ་པའི་ཡུལ་འགའ་ཞིག་ལ་པ་ཉིད་སྦྱར་བ་ལེགས། ཞེས་གསུངས་པ་ལྟར་དམིགས་བསལ་གྱི་པ་བའི་འཇུག་ཚུལ་ལ་ལེགས་པར་དཔྱད་ནས་ལག་ལེན་མ་ནོར་བ་དགོས་ཞེས་པའི་དོན་ནོ། །འགའ་ཞིག་གིས་གོང་གི་ཚིག་མཐའི་དཔྱད་ཅེས་པར་བཤད་པ་གཞན་ཡང་བྱེད་མོད། དེ་ནི་ངལ་བའི་རྒྱུ་ཁོ་ན་སྟེ། ངག་སྒྲོན་གྱི་འགྲེལ་བ་ཁུངས་ཐུབ་རྣམས་ནས་ཀྱང་གོ་བ་གཞན་དུ་མ་འགྲེལ་བའི་ཕྱིར་རོ། །

                         དེའི་ཕྱིར། པ་བའི་འཇུག་ཚུལ་ལ་དབྱེ་བ་རྣམ་པ་གསུམ་དུ་ཕྱེས་ཏེ་གོ་བ་བླངས་ནའང་ཆོག་སྟེ། བདག་སྒྲའི་པ་བ་དང་། མིང་མཐའི་པ་བ་དང་། དམིགས་བསལ་གྱི་པ་བ་བཅས་སོ། །དེ་ལས་དམིགས་བསལ་གྱི་པ་བར། བློ་མང་པོ་དང་། ཡུན་རིང་པོ་དང་། ཙོང་ཁ་པ་དང་། མི་གྱོང་པོ་དང་། མཆོར་པོ་དང་། ཁ་ལོ་པ་དང་། བཟང་པོ་དང་། དབང་པོ་ལྟ་བུ་སོགས་ཤིན་ཏུ་མང་ངོ་། །

                         འོ་ན་དེང་སང་མང་པོ་ཞིག་གིས་བཟང་བོ་དང་། མང་བོ་དང་། རྒྱལ་བོ་སོགས་སུ་འབྲི་བ་ཅི་ཡིན་ནམ་ཞེ་ན། དེ་ནི་སྔོན་གྱི་མཁས་པས་བསྒྱུར་ཅིང་གཏན་ལ་ཕབ་པའི་གཞུང་རྣམས་དང་མི་མཐུན་པའི་སྐྱོན་ཏེ། མདོ་སྡེ་ལས་བརྒྱ་པ་རུ། གྲོང་ཕྱིར་གྱི་ནང་དུ་སྤྱན་འདྲེན་པ་དེའི་ཉིན་པར་བློ་གྲོས་བཟང་པོ་ཡང་དེར་འོངས་ནས། ཞེས་པ་དང་། མདོ་མཛངས་བླུན་དུ། སྔོན་འདས་པའི་དུས་ཡུན་རིང་པོ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བགྱི་བ། ཞེས་དང་། བྱམས་ཆོས་སྡེ་ལྔ་རུ། བསོད་ནམས་མང་པོ་ཉིད་ཀྱིས་ནི། ཞེས་དང་། ཡང་དེར། སངས་རྒྱས་དཔེ་བྱད་བཟང་པོར་བཞེད། ཅེས་པ་དང་། རྡོ་རྗེ་གཅོད་པ་རུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པ་དང་། བཤེས་པའི་སྤྲིངས་ཡིག་ཏུ། སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་པ་དང་། དྲང་ངེས་ལེགས་བཤད་སྙིང་པོ་རུ། དེ་དག་གི་མང་པོ་ཞིག་མིང་དང་བརྡས་འཇོག་མི་ནུས་པ་ཡོད་པ་ཡིན་ཡང་། ཞེས་པ་དང་། ཚིག་དོན་མཛོད་དུ། ཁེ་ཉེན་པ་དང་། བར་ཆད་མང་པོ་འབྱུང་ངོ་། །ཞེས་པ་སོགས་དྲངས་ན་ཡིག་ཚོགས་ཤིན་ཏུ་མང་བར་འགྱུར་བས་དེ་ཙམ་གྱིས་འཐུས་པར་བྱ་ལ། ད་རུང་ཉིད་ཀྱིས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་བཟང་བོ་དང་མང་བོ་ཞེས་མིང་མཐའ་བོ་བྲིས་ཡོད་པ་ལྟ་བུ་ཞིག་ཀྱང་བཤད་མོད། དེ་ནི་ཉིད་ཀྱིས་རྫུན་བཤད་པ་ཡིན་ཏེ། ཐོན་མིའི་ཞལ་ལུང་དུ། སྐབས་འདིར་གསེར་ཏོག་གི་སུམ་འགྲེལ་དུ་གསལ་བ་ལྟར། པ་པོ་བ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ། རྐང་པ། ལྔ་པ། བཅུ་པ་སོགས་ལ་པ་ཡེད་དང་། བཟང་བ། དཀར་བ་སོགས་ལ་བ་ཟླུམ་དང་། བཟང་པོ། དཀར་པོ། སྙིང་པོ། དང་པོ་སོགས་ལ་པ་ཡེད་ཐོབ་པ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་བར་གྱུར་པ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་དུ་བྲིས་ན་ལེགས་སོ། །ཞེས་གསུངས་པའི་ཕྱིར་རོ། །

                        མདོར་ན་བཀའ་བསྟན་འགྱུར་དང་ས་དགེ་བཀའ་རྙིང་གི་སྔོན་གྱི་མཁས་པའི་གསུང་འབུམ་གང་དུའང་མང་བོ་དང་བཟང་བོ་དང་། རྒྱལ་བོ་དང་། དབང་བོ་ཞེས་འདི་དག་ལ་མིང་མཐའ་བོ་བྲིས་པ་ཞིག་རྙེད་དཀའ་བའི་ཚད་དུ་ཡོད་པས། ཁྱོད་ཀྱི་ལུགས་ལྟར་ན་སྔོན་གྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་རྣམས་ཀྱིས་ཀྱང་ཡིག་ནོར་ཤོར་བར་ཁས་འཆེས་དགོས་པས། ད་ཇི་ལྟར་བཤད་དམ། ཁྲོན་པའི་ནང་གི་སྦལ་བའི་དཔེ་རུ་མི་འགྲོའམ།

                       ད་རུང་ཞུ་དགོས་པ་ཞིག་ལ་མང་པོ་དང་མང་བ་ཞེས་བྲི་དགོས་པ་ཡིན་ཏེ། འགའ་རེར་མང་པོ་ཡིན་ན་མང་བ་ཡིན་པའི་གོ་ལོག་ཅིག་ཀྱང་འདུག་མོད། དེ་ལྟར་མིན་ཏེ། མང་པོ་དང་མང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་གྱི་མཁས་པ་ཡོངས་ཀྱིས་དེ་ལྟར་བྲིས་པའི་ཕྱིར་རོ། །

                        མཁས་དབང་དམུ་དགེ་མཆོག་གིས་རྟགས་མཐའ་འདྲེན་ཚུལ་ལྟར། ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་པོ་དང་། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱོར་བ་སྟེ། །ཞེས་གསུངས་པ་དེར་འདི་ལྟར་ངེས་པར་དཔྱད་དགོས་པ་ཞིག་ཡིན་ལ། ཁོང་གིས་དེ་ལྟར་སླ་མོ་བྱས་ཏེ་གསུངས་པ་ནི་སྐབས་དེར་བོད་ཡིག་ཅུང་ཟད་ཤེས་ཀྱང་། ཆེན་པོ་མི་ཤེས་པ་རྣམས་ལ་དམིགས་བསལ་སྟབས་བདེ་བཟོས་པ་ཞིག་ཏུ་སེམས་སོ། །

                       གཞན་ཡང་ཁྱོད་ཀྱིས་སི་ཏུས་བདག་སྒྲ་ལ་པ་པོ་གཉིས་ལས་གཞན་མེད་ཅེས་གསུངས་ཡོད་པ་རེད་ཅེས་དང་། ས་གཅོད་བླ་མས་ཡང་འཇུག་ས་ཡང་བཅད་པ་རེད་ཅེས་མ་དགའ་བའི་ཉམས་ཀྱིས་འདི་ཚོས་བོད་ཀྱི་བརྡ་སྤྲོད་ལ་གཏོར་བརླག་ཆེན་པོ་བྱས་པ་ལྟ་བུའི་ཚིག་ཀྱང་ཁྱོད་ཀྱི་ཁ་ནས་བུད་མོད། དེ་ནི་ཁྱོད་ཀྱིས་སི་ཏུའི་དགོངས་པ་དང་། ཚོགས་ཤུལ་བླ་མའི་བོད་ཀྱི་བརྡ་སྤྲོད་སྤྱི་དང་། ཁྱད་པར་རྟགས་ཀྱི་འཇུག་པར་བྱས་རྗེས་རླབས་ཆེན་བཞག་པའི་མཛད་པ་རྣམས་མ་མཐོང་བའི་ལབ་རྡོལ་ཙམ་ལས་གང་ཡང་མིན་པར་ཁོ་བོས་སེམས་སོ། །

                      དེ་མིན་ཁྱོད་ཀྱིས་ང་ཚོའི་ཁ་སྐད་དུ། བཟང་བོ་དང་ཡུལ་བ་སོགས་ཟེར་བས་དེ་རྣམས་དག་པ་ཡིན་ཞེས་ཀྱང་བཤད་མོད། དེ་ནི་ངེས་པར་དགོད་རྒྱུ་ཡོང་བའི་གཏམ་སྟེ། དེ་ནི་ངའི་ཨ་ཕའི་ཕོར་བ་གཙང་མ་ཡིན་ཞེས་པའི་གཏམ་དུའང་འགྲོ་བར་མ་ཟད། སྔར་ཐོན་མས་བོད་ཀྱི་སྐད་སྤྱིའི་གཤིས་ལ་ཚུར་བསྟུན་ནས་བོད་ཡིག་བཟོས་པ་བདེན་མོད། ད་ལྟ་བོད་ཀྱི་སྐད་སུམ་རྟགས་དག་གསུམ་དང་། སྔོན་གྱི་བསྟན་བཅོས་ལ་ཕར་བསྟུན་ནས་བྲི་དགོས་པ་ཤིན་ཏུ་གསལ་ལ། དེ་ལྟ་མིན་པར། ཡུལ་ལུང་བྱེ་བྲག་པ་ཞིག་གི་སྐད་གཤིས་ལ་བསྟུན་ནས་བྲི་དགོས་ཞེས་པ་ནི་ལེ་ལོ་དཔེ་ཀློག་མེད་པ་རྣམས་ཀྱི་ལུགས་སུ་འགྲོ་བས་གཟབ་དགོས་པ་ཡིན་ནོ། །

བདེན་ལ་བདེན་དང་ནོར་ལ་ནོར་བ་དང་། །

བཟང་ལ་བཟང་དང་ངན་ལ་ངན་བརྗོད་པ། །

རང་གཞན་ཡར་རྒྱས་འགྲོ་བའི་རྒྱུ་ཡིན་པས། །

ན་མཉམ་རྣམས་ཀྱིས་དེ་དོན་ཐུགས་ལ་ཞོག །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།