རང་ཉིད་ཀྱི་འབད་པས་ཐུབ་ན། འཚོ་བ་ཇེ་བཟང་དུ་འགྲོ་བ་ཆོས་ཉིད་རེད།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2018-07-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

GPSགནས་འཁེལ་སྒྲིག་ཆས་ལ་ལྟ་བཞིན་པ།

                    “འདི་ཧ་ཅང་བཟང་སྟེ། འཚོ་བཅུད་ཕུན་སུམ་ཚོགས་པར་མ་ཟད། ཕག་ཕྲུག་རྣམས་ཀྱང་འདི་ཟ་བར་དགའ། ”

                     ཟླ6པའི་ཚེས28ཉིན། ཁྲོ་ཆུ་རྫོང་གི་ས་སྟོད་ཡུལ་ཚོའི་ཅ་ཅུ་སྡེ་བའི་ཕག་གསོ་ཁང་གི་བདག་པོ་ནམ་མཁའ་ཐར་གྱིས་ཆུང་མ་དང་མཉམ་དུ་ཡུང་མ་སྤུང་གིན་གསར་འགོད་པར་ཕག་གསོས་ཏེ་རང་ཉིད་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཉམས་མྱོང་བཤད་པ་དང་། ར་བའི་ནང་གི་ཟས་འཕྲོག་རེས་བྱེད་བཞིན་པའི་ཕག་ཕྲུག་རྣམས་མཐོང་འཕྲལ། ནམ་མཁའ་ཐར་གྱི་སེམས་ཀྱི་དགའ་བ་དེ་སུས་ཀྱང་རྟོགས་དཀའ་བ་ཞིག་ཏུ་གྱུར།

                      ནམ་མཁའ་ཐར་གྱི་ཕག་གསོ་ཁང་ནི་གཙང་ཞིང་གྲ་དག་པ་དང་། ཚད་དང་ལྡན་པ་ཞིག་སྟེ། ཕག་ཁང་རེ་རེའི་ཕྱི་ནས་བསྐོར་བའི་རྩིག་གྱང་དམའ་མོར་ས་གནས་དེའི་རི་སྐྱེས་མེ་ཏོག་བཏབ་ཡོད་པ་དང་། ཉིན་རྒྱུན་ཕག་གསོ་ཁང་བསྡུ་གསོག་གཙང་དག་བྱས་དང་བྱེད་བཞིན་ཡོད།

                      2014ལོར། ནམ་མཁའ་ཐར་ནི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་དུ་གཏན་ཁེལ་བྱས་པ་དང་། རྫོང་གི་ཞིང་ཕྱུགས་ཆུ་དོན་ཅུས་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག་ཏུ་བོད་ཕག་གསོ་མགོ་ཚུགས་ཤིང་། ལོ་སྔ་མ་གཉིས་ལ་ལག་རྩལ་མི་བཟང་བ་དང་། ཉམས་མྱོང་མེད་པས་ཕག་ཕྲུག་གསོན་ཚད་ཉུང་ཉུང་རེད། དེའི་ཕྱིར་ནམ་མཁའ་ཐར་ཉིན་རྒྱུན་རྫོང་ཞིང་ཕྱུགས་ཆུ་དོན་ཅུས་ཀྱི་ལག་རྩལ་མི་སྣའི་སར་སོང་སྟེ་ཕག་གསོ་བར་འཕྲད་པའི་གནད་དོན་དྲིས་པར་མ་ཟད། ལག་རྩལ་པའང་རྒྱུན་པར་ཁོའི་ཁྱིམ་དུ་ཡོང་ནས་ཕག་གསོ་ཚུལ་ཁྲིད་སྟོན་བྱས་པ་རེད།

ནམ་མཁའ་ཐར་བཟའ་མི་གཉིས་ཀྱིས་ཡུང་མ་སྤུང་བཞིན་པ།

                      དེ་ལྟར་སློབ་སྦྱོང་དང་འབད་རྩོལ་ལ་བརྟེན་ཏེ། ནམ་མཁའ་ཐར་ས་གནས་དེའི་ཕག་གསོ་མཁན་པོར་གྱུར། “ད་ལོའི་ཕག་ཕྲུག63པོ་གསོན་ཡོད་པར་མ་ཟད། ར་བར་བསྡུས་པའི་གསོན་ཕག146གི་སྐྱེས་ཉམས་ཀྱང་ཡིད་སེམས་དགའ་བ་ཞིག་འདུག་པས། ཁྱིམ་གྱི་མུའུ8ཡོད་པའི་ས་ཞིང་ཀུན་ལ་ཡུང་མ་དང་། འདུས་རྩྭ་དང་། མངལ་ཚལ་སོགས་ཕག་གིས་ཟ་བའི་གཟན་ཆག་བཏབ་ཡོད། ”ཅེས་གཟན་ཆག་གི་སྡེབ་སྦྱོར་དང་། ཕག་ཕྲུག་གསོ་སྐྱོང་སོགས་ནམ་མཁའ་ཐར་ལ་བཤད་རྒྱུ་ཧ་ཅང་མང་པོ་འདུག

                     དབུལ་བོའི་མང་ཚོགས་རྣམས་ཀྱི་བརྩོན་སེམས་ལ་སྐུལ་མ་བྱེད་ཆེད། འབད་པ་ཆེ་བའི་དབུལ་བོར་རོགས་སྐྱོར་བྱེད་ཚད་ཇེ་མཐོར་བཏང་། ཁྲོ་ཆུ་རྫོང་གིས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང་རྣམས་ལ་ཚད་དང་རན་པའི་དབུལ་བྲལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་ཤིང་། ཧུར་བརྩོན་ཆེན་པོས་དབུལ་སྐྱོར་ཐབས་ལམ་འཚོལ་ཞིབ་དང་གསར་སྤེལ་བྱས་ཏེ། དབུལ་བོའི་ཁྱིམ་ཚང་གི་ལས་ཞུགས་ལག་རྩལ་གྱི་ཆུ་ཚད་མཐོ་བར་བཏང་བ་དང་། རྒྱུན་མ་ཆད་པར་དབུལ་བོའི་ཁྱིམ་ཚང་གི་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པར་ཤུགས་བརྒྱབ་པས། དབུལ་སྐྱོར་གསར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཕན་ཚུན་མཉམ་བསྐྱོད་ཐུབ་པ་མངོན་འགྱུར་བྱུང་།

                     རྫོང་ཞིང་ཕྱུགས་ཆུ་དོན་ཅུས་ཀྱི་ལག་རྩལ་མི་སྣས་གསར་འགོད་པར། ནམ་མཁའ་ཐར་ཚེགས་ཡང་བའི་མི་ཚད། འབད་རྩོལ་ཐུབ་ལ། གསར་བྱུང་གི་དངོས་པོ་དང་། ལག་རྩལ་གསར་བ་དང་ལེན་གྱི་ནུས་པའང་ཆེ་བ་ཞིག་རེད་ཅེས་བཤད། ཁོས་གསོས་པའི་བོད་ཕག་རྣམས་རྒྱུན་པར་རི་ལ་བརྒྱབ་དགོས་པས། ཁོས་རང་འགུལ་གྱིས་གློག་འཕྲིན་ཀུང་སིར་འབྲེལ་བ་བྱས་ནས་བོད་ཕག་རྣམས་ལGPSགནས་འཁེལ་སྒྲིག་ཆས་བཏགས། ན་ནིང་ནམ་མཁའ་ཐར་གྱིས་གསོ་ཕག140ཕྱིར་ཕུད་པ་དང་། ཚོང་བསྒྱུར་ཕག་ཤ་རྒྱ་མ་གང་གིས་སྒོར35རེ་ཁུག་པས། ཡོང་འབབ་སྒོར་ཁྲི10ལྷག་ཡོད་འདུག་ལ། སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུའུ་ལི་གནས་འདིར་ཡོང་ནས་བརྟག་ཞིབ་བྱས་སྐབས། སི་ཁྲོན་དང་། ཀན་སུའུ་དང་། མཚོ་སྔོན་གྱི་ས་ཕྱོགས་སོ་སོར་སོང་ཡང་། འདི་ནི་ངས་མཐོང་བའི་རྒྱུ་སྤུས་ཆེས་བཟང་བའི་བོད་ཕག་གཅིག་པོ་རེད་ཅེས་བཤད།

གསོ་ཕག་རྣམས་ལ་གཟན་ཆག་སྟེར་བཞིན་པ།

                    ད་ཆ། ནམ་མཁའ་ཐར་ཁྱིམ་ཚང་གང་པོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། བྱིས་པ་གཉིས་ལས་གཅིག་ཡུལ་ཚོའི་ནང་གི་སློབ་ཆུང་འགྲིམ་བཞིན་ཡོད་པ་དང་། གཅིག་གིས་རྫོང་མཁར་དུ་སློབ་སྦྱོང་བྱེད་བཞིན་ཡོད། འགྲོ་སྐྱོད་སྟབས་བདེ་དང་། གཟན་ཆག་དང་གསོ་ཕག་སྐྱེལ་འདྲེན་སོགས་ལ་དམིགས་ནས་རླངས་འཁོར་ཉོས་པར་མ་ཟད། ཕག་གསོ་ཁང་གི་གཞི་རྒྱའང་ཇེ་ཆེ་ནས་ཇེ་ཆེར་གཏོང་བཞིན་པ་དང་། དབུལ་ཕོངས་ཁྱིམ་ཚང་སྔར་ལས་མང་བས་ཁོའི་ས་ནས་ཕག་ཕྲུག་ཉོ་བཞིན་ཡོད། ཕག་གསོ་ཡི་ཁྱིམ་ཆེན་ཞིག་ཡིན་པའི་ཆ་ནས་ད་ལོར་སྲིད་གཞུང་གིས་ཀྱང་ཁོའི་ས་ནས་ཕག་ཕྲུག60ཉོས་པར་མ་ཟད། ཡུལ་ཚོ་གཞན་པའི་དབུལ་ཕུངས་ཁྱིམ་ཚང་རྣམས་ལ་བགོས་པ་རེད། ནམ་མཁའ་ཐར་གྱིས་གསར་འགོད་པར་ད་སྐབས་རྒྱལ་ཁབ་ཀྱིི་སྲིད་ཇུས་བཟང་བས། རང་ཉིད་ཀྱི་འབད་པས་ཐུབ་ཚེ། འཚོ་བ་ཇེ་བཟང་དུ་འགྲོ་བ་ཆོས་ཉིད་རེད་ཅེས་བཤད་ལ། མ་འོངས་པའི་མཛེས་སྡུག་ལྡན་ལ་བདེ་སྐྱིད་ཆེ་བའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་འདུག་གོ ། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།