གདོང་སྣེ་ཡུལ་ཚོའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་མཐོང་ཐོས།

ཐོན་སྐྱེད་གསར་བའི་ལམ་དུ་ཞུགས་པ་འདིས།། དམངས་ཀྱི་ཡོང་འབབ་མཐོ་ནས་མཐོ་རུ་བཏེགས།།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2018-07-12   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                         དབྱར་གཞུང་གི་མཛོད་དགེའི་རྩྭ་ཐང་ནི་མཛེས་ཤིང་ཡིད་དུ་འོངས། གདོང་སྣེ་ཡུལ་ཚོའི་གོང་འགབ་མ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞའོ་ཡུང་རི་མགོར་འགོས་ནས་རང་ཁྱིམ་གྱི་ཤིང་ཏོག་ལྡུམ་རར་བལྟས་ཤིང་། ཤིང་ཏོག་ལི་ཡི་སྐྱེད་ཚལ་ཡག་པས་ཁོའི་སེམས་པ་ཤིན་ཏུ་དགའ་སོང་། ཞའོ་ཡུང་ནི་གདོང་སྣེ་ཡུལ་ཚོའི་གོང་འགབ་མ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པར་མ་ཟད་ད་དུང་གྲོང་ཚོ་ནང་གི་ཐོན་ལས་འདེབས་འཛུགས་ཀྱི་དཔེ་སྟོན་ཁྱིམ་ཚང་དང་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡང་ཡིན། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་ཁོས་རང་ཁྱིམ་གྱི་མུའུ10ཡི་ཞིང་དུ་ཤིང་ཏོག་ལི་བཏབ།

                      གདོང་སྣེ་ཡུལ་ཚོ་ནི་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི2500ཡས་མས་ཡིན་པ་དང་། ལོ་རེར་ཆ་སྙོམས་ཀྱི་དྲོད་ཚད་ཧྲེ་ཧྲིའི་ཏུའུ10ཡིན་ལ། ལོ་ཧྲིལ་བོར་དྲོད་ཚད་འོས་ཤིང་འཚམ་པས“མཐོ་སྒང་གི་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཡོད། སྔོན་ཆད་ས་གནས་དེའི་ཞིང་བ་ཚོས་སྲོལ་རྒྱུན་གྱི་ནས་དང་གྲོ་སོགས་རྨོ་ཞིང་། ཐོན་ཚད་དམའ་བ་དང་རིན་གོང་མི་མཐོ་བ། སྲོལ་རྒྱུན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་ཚད་ཆུང་བའི་རྐྱེན་གྱིས་ཡོང་འབབ་འཕར་མ་ཐུབ།

                        གྲོང་ཨུའི་ཀྲུའུ་རེན་ཡིན་པའི་ཆ་ནས་བཤད་ན་གྲོང་མི་ཚོ་དབུལ་ཕོངས་ལས་སྒྲོལ་དེ་ཕྱུག་པོར་གཏོང་བ་ནི་ངའི་འོས་འགན་ཡིན་པ་དང་། གྲོང་ཨུ་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ས་གནས་ཀྱི་ཁྱད་ཆོད་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་ཞའོ་ཡུང་གིས་དེ་ལྟར་བཤད། ཞའོ་ཡུང་གིས་དབུལ་སྒྲོལ་གནད་འཁེལ་གྱི་ལས་ཀ་སྤེལ་བ་ནས་བཟུང་། ཏང་སྲིད་གཞུང་གི་ཤུགས་ཆེ་བའི་རྒྱབ་སྐྱོར་འོག་གདོང་སྣེ་ཡུལ་ཚོའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་སྟངས་གསར་གཏོད་བྱས་ཤིང་། ཤིང་ཏོག་ལི་སོགས་ཁྱད་ལྡན་གྱི་དཔལ་འབྱོར་ཐོན་རྫས་ནང་འདྲེན་བྱས་པ་དང་། ཞིང་བ་ཁ་ཤས་ཀྱིས་དཔེ་སྟོན་འདེབས་འཛུགས་བྱས་པ་བརྒྱུད་དེ་ཞིང་བ་ཚོའི་བསམ་བློའི་འདུ་ཤེས་བསྒྱུར། ད་ལམ། གོང་འགབ་མ་གྲོང་ཚོའི་ཤིང་ཏོག་ལི་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ107ཟིན་ཡོད།

                           རྒྱུས་ལོན་པ་ལྟར་ན། གདོང་སྣེ་ཡུལ་ཚོར་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང98ཡོད་པ་དང་མི་འབོར585ཡོད་ལས། ཁྱིམ་ཚང86དང་མི་འབོར496དབུལ་ཕོངས་ལས་སྒྲོལ། ད་ལོར་ཁྱིམ་ཚང10དང་མི་འབོར77དབུལ་ཕོངས་ལས་སྒྲོལ་བའི་འཆར་གཞི་ཡོད། ཉེ་བའི་ལོ་ཤས་རིང་ལ། མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་སྣེ་ཁྲིད་ཆེད། གདོང་སྣེ་ཡུལ་ཚོའི་ཏང་ཨུ་སྲིད་གཞུང་གིས་ཞིང་དང་འབྲེལ་བའི་རྣམ་གྲངས་བརྩོན་ལེན་བྱས་ཤིང་། ས་བབས་དང་མཐུན་པའི་ཁྱད་ལྡན་གྱི་ཐོན་རྫས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་དང་། ཤིང་ཏོག་ལི་དང་ཙོ། དེ་བཞིན་གཡེར་མ་སོགས་ཁྱད་ལྡན་གྱི་དཔལ་འབྱོར་ཐོན་རྫས་ནང་འདྲེན་བྱས་ཏེ། ཤིང་ཏོག་ལི་དང་ཙོ། དེ་བཞིན་གཡེར་མ་འདེབས་འཛུགས་བྱ་སའི་རྟེན་གཞི་འཛུགས་པ་དང་། ཞིང་བ་ཚོ་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་ལམ་བུར་ཁྲིད་དེ་ཡོང་འབབ་འཕར་བ་བྱས།

                    གདོང་སྣེ་ཡུལ་ཚོའི་ལོ་ཧྲིལ་བོའི་ཆེས་མཐོ་བའི་དྲོད་ཚད་ཧྲེ་ཧྲིའི་ཏུའུ37ཡིན་པ་དང་། ཆེས་དམའ་བའི་དྲོད་ཚད་སྒོར་ཐིག་མན་གྱི་ཧྲེ་ཧྲིའི་ཏུའུ18ཡིན་ལ། ཉིན་མཚན་གྱི་དྲོད་ཁྱད་ཆེ་བས་ཤིང་ཏོག་འགའ་ཡི་སྐྱེ་ཚལ་དང་འཚམ་ཞིང་ཤིང་ཏོག་གི་བྲོ་བ་ཡང་ཞིམ། རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་བརྒྱུད་གདོང་སྣེ་ཡུལ་ཚོ་རུ་དུས་ཚིགས་ལས་ལྡོག་པའི་ཤིང་ཏོག་བཏབ་ན་འཚམ་པོ་ཡིན་པ་ཤེས་རྟོགས་བྱུང་ལ་ཤིང་ཏོག་ཟླ9བའི་ཟླ་མཇུག་ཏུའང་སྨིན་ཞེས་གདོང་སྣེ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ལན་ཀང་གིས་གསར་འགོད་པར་བཤད། 2017ལོར། ཚོང་འགུགས་ནང་འདྲེན་བྱས་པ་བརྒྱུད་ཡུལ་ཚོ་དེས་ཀུང་སི་ནང་འདྲེན་བྱས་ཏེ་ཤིང་ཏོག་ལི་དང་ཙོ་འཕེལ་རྒྱས་གཏོང་བ། ད་ལམ། ཆ་ཇི་སྒང་གྲོང་ཚོ་དང་གོང་འགབ་མ་གྲོང་ཚོ། དེ་བཞིན་གདོང་སྣེ་གྲོང་ཚོ་རུ་ཤིང་ཏོག་ལི་དང་ཙོ་འདེབས་འཛུགས་བྱ་སའི་དཔེ་སྟོན་རྟེན་གཞི་བཙུགས་ཡོད་པ་དང་། འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ416ཟིན་ཡོད་ལ། ཤིང་ཏོག་ལི་དང་ཙོ་ཡི་སྡོང་ཕྲུག20000བཙུགས་ཡོད། མའོ་རྫོང་གི་གཡེར་མ་འདེབས་འཛུགས་མཉམ་ལས་ཁང་གིས་ཁྲིད་སྟོན་འོག་གཡེར་མ་མུའུ212དང་གཡེར་མའི་སྡོང་ཕྲུག26000འདེབས་འཛུགས་བྱས་ཡོད།

                རྒྱུས་ལོན་པ་ལྟར་ན། ལོ་གཅིག་གི་རིང་ལ་རྫོང་དེའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི207.16བཏང་ཞིང་། ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི200བཏང་བ། སྲིད་གཞུང་དང་ཁེ་ལས་སྦྲེལ་བའི་རྣམ་པ་བརྒྱུད་དེ་ནུས་ལྡན་གྱིས་མ་དངུལ་བསྡུ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། སྲིད་ཇུས་དང་མ་དངུལ་སྡེབ་སྒྲིག་བྱས་ཏེ་གདོང་སྣེ་ཡུལ་ཚོའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་ལམ་བུར་རིམ་གྱིས་བསྐྱོད་པ་དང་། ཁྱད་ལྡན་ཐོན་ལས་ཀྱིས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ།

 

                   གདོང་སྣེ་ཡུལ་ཚོའི་འདེབས་འཛུགས་རྟེན་གཞི་བསྐྲུན་ཚར་རྗེས། ནང་འདྲེན་ཀུང་སིས་ཡུལ་དེ་ནས་གྲོང་མིའི་ས་ཞིང་འཁོར་རྒྱུག་བྱས་ཤིང་། མུའུ་རེར་ལོ་ལྟར་བོགས་དངུལ་སྒོར450ཡིན་པ་དང་ལོ5ཡི་བོགས་དངུལ་སྟེར་ཟིན་ལ། ཞིང་དུད205ལ་ཕན་འབྲས་ཐོབ། ཁྱིམ་ཚང་རེར་ལོ་རེར་སྒོར4700ལྷག་འཕར་ཡོད། དེ་དང་དུས་མཚུངས་སུ་ནང་འདྲེན་ཀུང་སིས་ཡུལ་དེའི་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་བའི་དབུལ་ཕོངས་མི་འབོར23གདན་ཞུས་སྐུལ་སྤྱོད་བྱས་ཏེ་འདེབས་འཛུགས་དང་སྲུང་སྐྱོང་གི་ལས་ཀ་བསྒྲུབ་སྟེ། མི་རེས་ལོ་རེར་ཟླ4ལ་ལས་ཀ་བསྒྲུབ་པ་དང་། ཁྱིམ་ཚང་རེར་ལོ་རེར་སྒོར་ཁྲི1.2འཕར་ལ། ཡུལ་དེའི་མང་ཚོགས་རྣམས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པའི་གོ་སྐབས་འདོན་སྤྲོད་བྱས་ཡོད།

                   གདོང་སྣེ་ཡུལ་ཚོའི་ཞིང་ལས་ཚན་རྩལ་པས་གསར་འགོད་པར། སྔོན་དཔག་བྱས་ན་ཤིང་ཏོག་ལི་དང་ཙོ་ནི་ལོ་གསུམ་གྱི་རྗེས་སུ་འབྲས་བུ་ཐོགས་པ་དང་། ལོ་ལྔ་ཡི་རྗེས་སུ་བརྔ་བསྡུའི་དུས་སུ་སླེབས། མུའུ་རེར་སྡོང་ཕྲུག110ཡོད་པ་དང་སྡོང་ཕྲུག་རེར་ཐོན་ཚད་བརྒྱ་མ50ཡས་མས་ཡིན་པས་མུའུ་རེར་ཐོན་ཚད་བརྒྱ་མ5000ཟིན་ཡོད་པ་དང་། སྔོན་དཔག་བྱས་ན་བརྒྱ་མ་གཅིག་རེར་རིན་གོང5ཡན་གྱི་སྡེབ་ཚོང་བྱས་ན། མུའུ་རེར་ཐོན་ཚད་ཀྱི་རིན་ཐང་སྒོར་ཁྲི2ཡས་མས་ཡིན། ཀུང་སིས་ཁྲོམ་རའི་རིན་གོང་སྒོར2ལས་མི་དམའ་བའི་བསྡུ་ཚོང་འགན་གཙང་ལེན་བྱས་ཏེ་ཞིང་བ་ཚོའི་ཁེ་ཕན་འགན་ལེན་བྱས། ཐོན་འབབ་ལེགས་པའི་སྐབས་སུ་མུའུ་རེར་བརྒྱ་མ150ཡི་གཡེར་མ་སྐམ་པོ་ཐོན་ཐུབ་པ་དང་། བརྒྱ་མ་རེར་སྒོར60བྱས་ན་ལེ་རེར་ཡོང་འབབ་སྒོར་ཁྲི190ལྷག་ཡོད།

                ད་ལམ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་གིས་གདོང་སྣེ་ཡུལ་ཚོའི་ཞིང་བ་ཚོ་དབུལ་ཕོངས་ལས་བསྒྲལ་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་བུར་བསྐྱོད་པའི་རེ་བ་མཐོང་ཞིང་། ཐོན་ལས་ལ་བརྟེན་ཏེ་ཕྱུག་འགྱུར་གྱི་གོམ་སྟབས་སྔར་བས་བརྟན་པོར་གྱུར། གྲོང་ཚོའི་དབྱར་མཚོ་ལྟར་རྒྱས་བའི་ལྡུམ་ར་དང་ཞིང་བ་ཚོའི་ངོ་གདོང་གི་བདེ་སྐྱིད་ཀྱི་མཛུམ་མདངས་ལ་བལྟས་རྗེས། ཞའོ་ཡུང་གི་སེམས་པ་ཡིད་ཆེས་ཀྱིས་ཁེངས་འདུག་གོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།