ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དམངས་ཕན་འཁྲབ་སྟོན་འབར་ཁམས་ནས་བྱས།

རྩོམ་པ་པོ།   དུས་ཚོད།   2018-07-11   $རྩོམ་ཁུངས།   

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ། ཚེ་རིང་ལྷ་མོ། )   ཟླ7པའི་ཚེས7ཉིན། འབར་ཁམས་གྲོང་ཁྱེར་གྱི་གླིང་དགུའི་ཐང་ཆེན་དུ་མི་ཚོགས་ཀྱི་འདུ་འཛོམས་ཆེ་ལ། དེ་རུ་གཞས་མ་གྲགས་ཅན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་ལིས་ཧུང་གིས་སྣེ་ཁྲིད་པའི་སློབ་གླིང་དེའི་དགེ་སློབ་རྣམས་ཀྱིས་དགུང་སྔོན་དང་སྤྲིན་དཀར་དབུ་རུ་བཀུར་ཞིང་། ས་གཞི་དང་རྩྭ་ལྗང་རྡོག་པས་བསྣན་ཏེ། འབར་ཁམས་མི་དམངས་ཀྱི་ཡིད་ཀྱི་གསོས་དང་རྣ་བའི་བཅུད་དུ་གྱུར་བའི་རིག་རྩལ་འཁྲབ་སྟོན་ཕུལ་བ་རེད།

         གླུ་དང་གར་གྱིས་འབར་ཁམས་བསྐོར་ཏེ། དམར་དམག་རྒྱང་བསྐྱོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱ་ཞེས་པ་ཐེངས་འདིའི་འཁྲབ་སྟོན་གྱི་བརྗོད་གཞི་བྱས་ཏེ། རྒྱང་རིང་གི་ཡུལ་དེ་ན། ཐོག་མའི་བསམ་འདུན་མི་བརྗེད་སོགས་གླུ་དབྱངས་སྙན་མོ་རེ་རེས་དམངས་ཚོགས་ཀྱི་ཡིད་ཀྱི་དང་བ་བར་མེད་དྲངས། གླུ་བླངས་པ་སྙན་པས་མི་ཚད་དམངས་དང་བསྟུན་ཆེ་སྟེ། ཐང་ཆེན་ནས་འཁྲབ་སྟོན་བྱས་པ་དེས་ང་ཚོ་དམངས་ཚོགས་རྣམས་ཀྱིས་ཐད་ཀར་བལྟ་ཐུབ་པ་མ་ཟད་ཐག་ཉེ་སར་བཏུད་ཀྱང་ཐུབ་པ་རེད། ཁོ་ཚོས་ལམ་རིང་བོའི་ངལ་བ་ལ་མ་འཛེམས་པར་འདི་རུ་ཕེབས་ནས་འཁྲབ་སྟོན་བྱས་པར་སྐུ་དྲིན་ཆེ་ཞེས་ལྟད་མོ་པ་ཚངས་དབང་འཚོས་བཤད།

            འཁྲབ་སྟོན་གྱི་ཁྲོད་དུ་དགེ་རྒན་ལིས་ཧུང་གིས་མདོ་དབུས་མཐོ་སྒང་ཞེས་པའི་གླུ་དབྱངས་ཤིག་གིས་འཁྲབ་སྟོན་ལ་མཐོ་རླབས་འཕྱུར་དུ་བཅུག མོས་བཤད་རྒྱུར། གནས་འདིས་མོ་ལ་བྱིན་པའི་ཐོག་མའི་བག་ཆགས་ནི་མི་རྣམས་གཞུང་དྲང་བབ་ཆགས་ཤིག་ཡིན་པ་དེ་རེད། ས་ཆ་མང་པོར་སོང་ནས་འཁྲབ་སྟོན་བྱས་མྱོང་ན་ཡང་། ཐེངས་འདི་ནི་ཆེས་དམིགས་བསལ་བ་ཞིག་སྟེ། ཐང་ཆེན་དུ་དམངས་ཚོགས་དང་ཐག་ཉེ་ས་ནས་འཁྲབ་སྟོན་བྱས་པ་ཤིན་ཏུ་སྐྱིད་པའི་བྱ་བ་ཞིག་རེད། གུང་ཁྲན་ཏང་ཡོན་ཞིག་དང་རིག་རྩལ་འཁྲབ་སྟོན་པ་ཞིག་གི་ངོས་ནས། མེས་རྒྱལ་གྱི་ས་ཆ་སོ་སོའི་དམངས་ཚོགས་རྣམས་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་པ་དེ་ཡང་གཡོལ་དུ་མེད་པའི་འགན་འཁྲི་ཞིག་རེད་ཅེས་བཤད།

                མཇུག་མཐར། མཉམ་དུ་ཀྲུང་གོའི་རྨི་ལམ་བསྐྲུན་ཞེས་པའི་གླུ་དབྱངས་མཉམ་ལེན་ལས་ཐེངས་འདིའི་བྱ་འགུལ་འགོ་བཀྲ་ཤིས་ཤིང་མཇུག་བདེ་ཞིང་ལེགས་པའི་སྒོ་ནས་རྫོགས།  

             རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འཁྲབ་སྟོན་ནི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་སློབ་མའི2018ལོའི་དབྱར་གནང་གི་སྤྱི་ཚོགས་ལག་ལེན་ནམ་འགུལ་རྣམ་སློབ་ཁྲིད་ཀྱི་ལས་གཞིའི་རྣམ་གྲངས་ཤིག་རེད། དེ་ནི་སློབ་གླིང་དེའི་ཆེད་ལས་ཤེས་བྱའི་དགེ་རྒན་དང་། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན། ཁྲིད་སྟོན་པ་སོགས་དང་སྡེ་ཁག་སོ་སོའི་སློབ་མ་རྣམས་ཀྱིས་གྲུབ་པའི་ཚོགས་པ་བཅུ་མེས་རྒྱལ་གྱི་ས་ཆ་སོ་སོར་སོང་ནས་སྤྱི་ཚོགས་བྱ་འགུལ་སྤེལ་ཏེ། དམངས་ཕན་འཁྲབ་སྟོན་བྱེད་པ་ཞིག་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།