འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བོད་འགྱུར་ཀློག་དེབ༦པར་དུ་བསྐྲུན།

རྩོམ་པ་པོ།   དུས་ཚོད།   2018-07-11   $རྩོམ་ཁུངས།   

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།(གསར་འགོད་པ། ཚེ་རིང་ལྷ་མོ། )  ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། རྔ་བ་ཁུལ་གྱི་འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་ཀྱི་འགྲེམ་སྤེལ་དང་རྩོམ་སྒྱུར་རིག་གཞུང་ཚོགས་འདུ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིན་དང་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་རུའེ་ཚོགས་འདུ་རུ་ཞུགས་ཡོད།

         རྒྱུས་ལོན་པ་ལྟར་ན། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་དང་སི་ཁྲོན་གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཀྱིས་ལོ་གཉིས་ཀྱི་རིང་ལ་འཛམ་གླིང་བརྩམས་ཆོས་གྲགས་ཅན18བོད་ཡིག་ཏུ་བསྒྱུར་བའི་ལས་ལ་ཞུགས་ཤིང་། འདས་ལོག་དང་མོའོ་ཕའོ་སན་ཋིའི་སྒྲུང་ཐུང་ལེགས་བཏུས། ཨན་ཌྷིར་སེན་གྱི་བྱིས་སྒྲུང་། ཨེ་སོབ་ཀྱི་ལེགས་བཤད་གཏམ་རྒྱུད། མི་སྣ་གྲགས་ཅན་གྱི་མཛད་རྣམ། གྷར་སེ་ཡཱ་ལ་སྤྲིངས་པའི་འཕྲིན་བཅས་དཔེ་དེབ6པར་དུ་བསྐྲུན་ནས། རང་ཁུལ་གྱི་སྐད་གཉིས་སློབ་གསོ་མྱོང་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་གཙོས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཡོད།

          ཚོགས་འདུ་་ལས་འབར་ཁམས་མི་རིགས་མཐོ་རིམ་སློབ་འབྲིང་དང་སི་ཁྲོན་ཞིང་ཆེན་འབར་ཁམས་སློབ་འབྲིང་། རྔ་བ་རྫོང་བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ12ལ་འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་འགྱུར་ཀློག་དེབ117ཕུལ་བ་རེད།


            དཔེ་ཆ་དེ་དག་གི་ཐུན་མིན་ཁྱད་ཆོས་ནི་གཅིག་ན་སྒྲ་ཐད་སྒྱུར་བྱ་དགོས་པའི་རིགས་ཚང་མ་མ་ཡིག་དབྱིན་ཡིག་ལ་བསྟུན་ཡོད། གཉིས་ན་ཚིག་གི་གཅོད་མཚམས་སློབ་མ་དང་གསར་སྐྱེས་པ་རྣམས་ཀྱི་བློ་ཁ་དང་མཐུན་པར་བྱས་ནས་ཐུང་ཐུང་དང་ཀློག་བདེ་བྱས་ཡོད། གསུམ་ན་བོད་ཀྱི་རྩོམ་སྒྲིག་གི་ཁྱབ་ཁོངས་ནས་བོད་ལ་གཅིག་ཤད་དང་གཉིས་ཤད། བཞི་ཤད་དང་སྦྲུལ་བཤད། རིན་ཆེན་སྤུངས་ཤད་སོགས་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་དག་དེང་སང་གི་རྩོམ་སྒྲིག་གི་ཁྱབ་ཁོངས་ནས་འབོར་བཞིན་ཡོད་པས། དེ་དག་མི་ཉམས་སླར་གསོ་ཡོང་ཕྱིར་འབུར་དོད་བྱས་ཡོད་ཅེས་གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་པཎ་ཆེན་རྒྱལ་གྱིས་བཤད་བྱུང་།

         འཛམ་ཐང་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཡུང་དྲུང་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩ་འཛུགས་དང་སྣེ་ཁྲིད་དེ་རྩོམ་སྒྱུར་བྱས་པའི་འཛམ་གླིང་བརྩམས་ཆོས་གྲགས་ཅན་ཁག་དྲུག་པོ་འདི་ང་ཚོ་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་བྱེད་པའི་སློབ་གྲྭ་ལ་མཚོན་ན་དུས་ཐོག་གི་ཆར་བ་དང་འདྲ། ཕན་པ་ཆེ་ཤོས་ཐོབ་མཁན་ནི་སྐད་གཉིས་སློབ་གྲྭའི་དགེ་རྒན་དང་སློབ་མ་རེད། དགེ་སློབ་རྣམས་ཀྱི་སློབ་གསེང་གི་དཔེ་ཀློག་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ལ། དགེ་སློབ་རྣམས་ཀྱི་སྐད་ཡིག་གི་བྱང་ཚད་ཇེ་མཐོར་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།