འཆི་བ།

རྩོམ་པ་པོ།   རྔ་འོད།དུས་ཚོད།   2018-07-10   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བྱིས་དུས་ཀྱི་རྨི་ལམ་དུ་ང་རང་འཆི་བ་ལ་འཇིགས།

འཆི་བ་ནི་སུས་ཀྱང་མི་མཐོང་མི་མངོན་པའི་མུན་ནག་ཅིག


ནར་སོན་གྱི་ལོ་ཟླའི་ཁྲོད།

འཆི་བ་ནི་འཇའ་ཚོན་བཞིན་ལག་པས་རེག་ནུས་དཀའ།


ན་གཞོན་གྱི་ཕུགས་བསམ་གྱི་ལམ་བུའི་ནང་།

འཆི་བ་ནི་མཛེས་སྡུག་གི་ལང་ཚོ་ཡིན།


འཆི་བ་ནི་ལྐོག་གྱུར་གྱི་སྙན་ངག་ཅིག་ཡིན་པ་གསལ།

མི་རིགས་ཀྱི་འདུ་ཤེས་བོར་ནས།

གཞན་པའི་རྐང་འོག་གི་སྒོ་ཁྱིར་འགྱུར་ཚེ།

འཆི་བ་ནི་ཅི་འདྲའི་གཟི་བརྗིད་ཀྱི་བང་སོ་ཞིག


འཆི་བ་ནི་དུར་ཁྲོད་ཀྱི་སྒྲོན་མེ་ཡིན།

ཁོ་བོ་འཆི་བ་ལ་བརྩེ་དུང་གི་མདུད་པ་བརྟན།

འཆི་བ་ནི།ཞབས་འདྲེན་གྱི་རྒྱུག་ཁྱི་མིན།

ཕ་གསོད་ཀྱི་ལག་དམར་མིན།

འཆི་བ་ནི།སྙོག་འཛང་གི་ངལ་གསོ་ཐེངས་གཅིག

ལྷིང་འཇགས་ཀྱི་མཁའ་དབུགས་ཤིག


ཉེ་འཁོར་གྱི་སྤུན་ཟླ་དག

འཆི་བ་ལ་སྐྲག་སྣང་གི་འབྲུག་སྒྲ་ལྡིར།

རྒྱུ་མཚན།སང་ཉིན་ནི་རྟག་པ་ཡིན་པར་འདོད།


གང་ལྟར།

ཁོ་བོས་འཆི་བ་ནི་ཞི་བདེ་ཡིན་པ་རྟོགས།

ངས་འཆི་བའི་བྱ་ཁྱུར་སྒུག་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།