ཨ་ཅག་རྒྱང་ལ་མ་འགྲོ།

རྩོམ་པ་པོ།   དབྱངས་ཅན་སྐྱབས།དུས་ཚོད།   2018-07-10   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དབྱངས་ཅན་མེ་ཏོག་ངག་གི་སྙིམ་ན་དགོད།།

བྱིན་རླབས་འོད་ཀྱི་གཤོག་སྒྲ་ཕྱོགས་བཞིར་ཁྱབ།།

ཟླ་བའི་ཟེགས་མ་མིག་གི་མཚོ་རུ་བབས།།

ཕོ་རོག་དཀར་པོས་ཨཱ་ལིའི་སྐེ་རྒྱན་བསྣམས།།

སྤྲིན་དཀར་སྨུག་པའི་བང་རིམ་བརྟོལ་ནས་ནི།།

སྙན་ངག་སྒྱེ་གང་འཁུར་ཏེ་རྩྭ་ཐང་ལོག།

ཨ་ཅག་སྒྲོལ་མ་རྒྱང་ལ་མ་འགྲོ་དང་།།

རི་བོའི་ཞོལ་གྱི་རི་གླུ་སིང་སིང་གན།།

ཞེ་འདང་འོ་མ་འདྲ་ཞིག་འཁྱིལ་ལ་ལྟོས།།

གཤོག་སྒྲོ་བྲག་ལ་བརྡར་བའི་བྱ་གླག་གན།།

ཤམ་བུ་དྲན་པའི་ལོ་ཟླའི་ངང་སྒུག་ཡིན།།

སྨུག་དང་ཆར་བའི་ཁྲོད་ཀྱི་ལུག་རྫི་དེས།།

སྨོན་ལམ་གཙང་མ་ཞིག་དང་བསྡེབས་ནས་ནི།།

སྙན་ཚིག་མེ་ཏོག་སྤར་གང་བཏུས་ཡོད་ཟེར།།

ཨ་ཅག་སྒྲོལ་མ་རྒྱང་ལ་མ་འགྲོ་དང་།།

ཁྱོད་དང་ང་ཡི་མི་ཚེའི་མགུལ་རྒྱན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།