སྲོད་ཀྱི་མདངས།

རྩོམ་པ་པོ།   ཨ་མཚོ།དུས་ཚོད།   2018-07-10   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཟླ་འོད་སྐྱ་བོ་བདག་གི་མགྲོན་དུ་འབྱོར།།

ཉི་མར་རེ་བའི་ལུས་སེམས་ད་དུང་བྲེལ།།

རྨི་ལམ་རྒུམ་པའི་རྒྱུ་སྐར་ཕོན་པོ་ཞིག།

མཚམས་སྤྲིན་གསེབ་ནས་རྒྱ་མཚོའི་ངོགས་ལ་ལྷུང་།།


ཕྱི་རོལ་རླུང་བུས་སྡོང་ལོ་ཤིག་ཤིག་སྒུལ།།

མུ་མེད་རྩྭ་ཐང་རྒྱང་ན་སྐྱ་ཐང་ངེར།།

སྒེའུ་ཁུང་འགྲམ་ན་བགྲེས་པོའི་གྲིབ་གཟུགས་ཤིག།

རྒས་པའི་མིག་ཟུང་ནམ་མཁའི་མཐོངས་སུ་གཡེང་།།

ཁུ་སིམ་མཚན་ལྗོངས་དབེན་པའི་རི་ལ་བབས།།

ཞག་སྒྲོན་ཁོ་ནས་བདག་ལ་སྙན་ཚིག་བསྩལ།།

ཟླ་བར་ཧད་དེ་དངན་པ་རིང་མོ་ཞིག།

མི་སེམས་འགུལ་བའི་དབྱངས་འདི་ཤུགས་ཀྱིས་འཐེན།།


སྣང་བའི་ཁམས་ལ་གཉིད་དང་ངལ་བ་འཁོར།།

རྣམ་ཤེས་སེར་རྡེའུ་བཞིན་དུ་གང་སར་ལྡང་།།

ལོ་ཟླའི་གཅོང་ལ་གྱུར་པའི་སེམས་གཞས་ཤིག།

ད་ལྟ་ལྷིང་འཇགས་གྲོང་ནས་དབང་མེད་ཤོར།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།