རང་ཁུལ་གྱིས་ཧུར་ཐག་གིས་ཆུ་ལོག་སྔོན་འགོག་གི་བྱ་བ་བསྒྲུབས།

རྩོམ་པ་པོ།   དུས་ཚོད།   2018-07-10   $རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

          ཉེ་དུས་སུ་ཆར་བ་དྲག་པོ་བབས་པའི་རྐྱེན་གྱིས་བཙན་ལྷ་རྫོང་གི་རྒྱལ་ལམ་350གི་ཧོང་ཆའོ་ལུང་བའི་ནང་དུ་འདམ་རྡོ་བཞུར་ནས་གཞུང་ལམ་དུམ་མཚམས་ཤིག་ལ་གཏོར་སྐྱོན་ཐེབས་འདུག ཡུལ་དངོས་སུ། ལས་ཀ་བ་མང་པོས་ནུས་ཤུགས་ཡོད་རྒུས་ལམ་འདི་ལ་ཉེན་སེལ་ཞིག་གསོ་བྱེད་བཞིན་འདུག 

           རྒྱུས་ལོན་པ་ལྟར་ན། བཙན་ལྷ་རྫོང་གཞུང་ལམ་ཡན་ལག་ཅུས་ཀྱིས་ཆུ་ལོག་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་བྱ་ཕྱིར། ལམ་གྱི་འཁོར་རྒྱུགས་དང་སྔོན་འགོག་བྱ་བ་གང་ལེགས་བསྒྲུབས་ཏེ། ཆུ་རྐ་དང་བཙོག་ཆུའི་སྦུག་ལམ་ནང་གི་སྙིགས་རོ་དང་མི་གཙང་བ་དག་གཙང་སེལ་དང་། ཆུ་ལོག་སྔོན་འགོག་གི་སྒྲིག་ཆས་སོ་སོར་ཞིབ་བཤེར་དང་ཞིག་གསོ་བྱས་ནས། དུས་ཐོག་ནས་མངོན་མེད་ཉེན་ཁའི་གནད་དོན་ཐག་གཅོད་བྱས། 

       ཉེ་ལམ་ཆར་ཞོད་ཀྱི་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ཡོད་པའི་ཟུང་ཆུ་རྫོང་པེ་དབྱང་ཡུལ་ཚོས་ས་གནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་ཡག་པོ་བྱེད་པའི་ཆེད་དུ། པེ་དབྱང་ཡུལ་ཚོའི་མངའ་ཁོངས་སུ་གསར་དུ་བྱུང་བའི་གནོད་འཚེ་ས་ཚིགས་སུ་ཉེན་བརྡའི་བྱང་བུ་བསླངས་པ་དང་། སྡེ་བ་བརྒྱད་ཀྱི་ནང་དུ་ས་གཤིས་གནོད་འཚེ་ཡི་ལྟ་ཞིབ་ཚད་ལེན་པ་བཀོད་སྒྲིག་བྱས་ཏེ། མངའ་ཞབས་ཀྱི་ས་ཆ་སོ་སོའི་ས་གཤིས་གནོད་འཚེའི་མངོན་མེད་ས་ཚིགས་བརྩད་ཞིབ་བྱས།

         ཆུ་ལོག་སྔོན་འགོག་གི་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་པའི་ཆེད་དུ། ཆུ་ཆེན་རྫོང་གིས་ཆུ་ལོག་སྔོན་འགོག་དངོས་ཟོག་སྔར་ལས་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་མཛོད་ཉར་དངོས་ཟོག་ཕར་གཏོང་ཚུར་གསོག་གི་ལས་ཀ་ལེགས་སྒྲུབ་དང་། གསོག་ཉར་ནུས་ཆོད་མཐོར་འདེགས་བཅས་བྱས་ནས་ཆུ་ལོག་སྔོན་འགོག་གི་དངོས་ཟོག་གྲ་སྒྲིག་གིས་འདིང་བ་དང་། བསྣུར་ཐུབ་པ། བསྐྱལ་ཐུབ་པ། བཀོལ་ཐུབ་པར་ཁག་ཐེག་བྱས་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།