སློབ་མས་དག་ཡིག་ལ་སློབ་གཉེར་གྱི་དགོས་པ་ཅུང་ཟད་བཤད་པ།

རྩོམ་པ་པོ།   སྲོང་སྐྱིད། དུས་ཚོད།   2018-07-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   དེ་ཡང་དཔལ་ཁང་ལོ་ཙཱ་བའི་ཞལ་སྔ་ནས། ཀྱེ་མ་ཤེས་བྱ་ཕ་མཐའ་ཡས།།དེ་དག་རེ་རེའི་མིང་གི་ཡང་།།རྒྱུ་མཚན་ངེས་ཚིག་མི་ཤེས་ན།།བརྡ་དག་སྦྱོར་བ་ཇི་ལྟར་འབྱུང་།།ཞེས་གསུངས་པ་བཞིན། ཤེས་པར་བྱ་བའི་གནས་ནི་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་དང་། དེ་དག་རྗོད་པར་བྱེད་པའི་མིང་གི་རྒྱུ་མཚན་དང་ངེས་ཚིག སྒྲ་བཤད་སོགས་ལ་རྨོངས་པར་གྱུར་ཚེ། ཤེས་བྱའི་ཟབ་ཁྱད་མཐོང་བ་མོ་གཤམ་གྱི་བུའི་དཔེ་རུ་འགྲོ་བར་མ་ཟད། མཐའ་ན་རྒྱུན་མཐོང་གི་བརྡ་ཕལ་བ་ཙམ་ཡང་ཡང་དག་པར་སྦྱོར་བའི་སྐལ་བ་མེད་པར་འགྱུར་བ་ཡིན་ཏེ། སྤྲིངས་ཡིག་ཙམ་འབྲི་བ་ལའང་རྗོད་བྱེད་འཁྲུལ་ཚེ་བརྗོད་བྱའི་དོན་མི་ཡོང་བ་ཤིན་ཏུ་གསལ་ཡང་། དེང་གི་སློབ་མ་དགེ་རྒན་མང་ཆེ་བར་འདིའི་ཕྱོགས་ལ་དོ་སྣང་དེ་འདྲ་མེད་པར་ཙམ་དུ་མ་ཟད། འདི་རིགས་ཞར་དང་ཞོར་ནས་ཤེས་པར་འགྱུར་བའི་གོ་ལོག་ཅིག་གིས་མགོ་བོ་འཁོར་འདུག 

                 ཁྱད་པར་གནམ་གྱིས་ས་བཀབ་པ་ལྟ་བུའི་སྔོན་གྱི་བརྡ་སྤྲོད་སྨྲ་བའི་མཁས་མཆོག་རྣམས་ཀྱིས་ནི་སུམ་རྟགས་དག་གསུམ་དང་བཅས་པའི་བསྟན་བཅོས་བགྲང་ལས་འདས་པ་མཛད་དེ། རང་ཅག་རྗེས་རབས་པའི་བསོད་ནམས་ཀྱི་ཞིང་སྐལ་དུ་བཤམས་ཡོད་ནའང་། ང་ཚོས་ནི་སུམ་རྟགས་གཉིས་ཀྱི་སྐོར་ཙམ་མ་གཏོགས་དག་ཡིག་གི་ཕྱོགས་ལ་ཞིབ་འཇུག་བྱས་པའི་ཆེད་རྩོམ་ཞིག་ཕལ་ཆེར་མེད་པའི་ཚད་དུ་ལུས་པ་འདི་ལགས་ཤིང་། དེ་ནི་བརྡ་སྤྲོད་པའི་རིག་པར་ཞིབ་འཇུག་ཆ་ཚང་ཞིག་ཐུབ་ཀྱིན་མེད་པའི་མཚང་དུའང་ཁོ་བོས་སེམས། དེས་ན་དག་ཡིག་ཅེས་པའི་གོ་དོན་དང་། དག་ཡིག་གི་བྱུང་བ་དང་། དག་ཡིག་གི་དགེ་མཚན་དང་། དག་ཡིག་གི་ཁྱད་ཆོས་དང་། དག་ཡིག་གི་བྱེད་ལས་ལ་སོགས་པར་ཅི་ཐུབ་ཀྱིས་ཞིབ་འཇུག་བྱ་རྒྱུ་གལ་ཆེ་བར་མཐོང་ལ། དེ་དང་འབྲེལ་ནས་དག་ཡིག་དང་དག་ཡིག་གི་འགྲེལ་བ་སློབ་མ་རྣམས་ལ་ཕན་ངེས་པ་མང་དག་ཅིག་མཛད་རྒྱུ་གལ་ཆེ་བ་དང་། སློབ་ཆུང་སློབ་མ་ནས་སློབ་ཆེན་སློབ་མའི་བར་གྱི་སློབ་རིམ་སོ་སོར་འཕྲོད་པའི་དག་ཡིག་གི་བསླབ་དེབ་བསྒྲིག་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། 

                 ཚད་ངེས་ཅན་ཞིག་ནས་བཤད་ན། མི་རིགས་ཤིག་གི་སྐད་དང་ཡི་གེ་ཕུན་སུམ་ཚོགས་མིན་དེ། མི་རིགས་དེའི་སྐད་ཡིག་ལ་བརྡ་སྤྲོད་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་མིན་དང་། དེར་མིང་བརྡ་གྱ་ནོམ་ཞིང་ཕུན་སུམ་ཚོགས་མིན་གྱིས་བཞག་ཆོག་པར་སེམས། དེ་བཞིན་སྐྱེས་བུ་སྒེར་གྱི་ཡོན་ཚད་དེའང་རྒྱུ་མཚན་ངེས་ཚིག་དང་བཅས་པའི་མིང་བརྡ་ག་ཙམ་རྒྱུད་ལ་ཡོད་མིན་གྱིས་གཞལ་ནའང་འགལ་བ་ཆེར་མེད་པར་སེམས་སོ།།ཡི་གེའི་གྲངས་ཀྱི་དབང་དུ་བྱས་ན་རང་རེའི་ཡི་གེར་ནི་བྱིས་འཇུག་ཏུ། དེ་དག་བརྗོད་དུ་རུང་ཚད་ཀྱི།།ཡི་གེའི་གྲངས་ནི་མདོར་བསྡུ་ན།།ཁྲི་ཕྲག་གཅིག་དང་སྟོང་ཕྲག་བརྒྱད།།བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན།།ཞེས་གསུངས་ཤིང་། དེ་དག་ནི་བཀླག་ཏུ་རུང་བའི་གྲངས་ཏེ། ཉེ་བར་མཁོ་བའི་གྲངས་ནི་སྟོང་ཕྲག་བརྒྱད་དུ་འདུ་ཞེས་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ནས་གསུངས་ཤིང་། དེ་དག་གིས་གྲུབ་པའི་མིང་བརྡ་ཐ་སྙད་ཀྱི་གྲངས་ནི་གཞལ་དཀའ་བའི་ཚད་དུ་ངེས་སོ། ། 

                 དེ་བས་ཕྲན་གྱི་འདོད་སྣང་ལ་སློབ་ཆུང་སློབ་མ་རྣམས་ལ་དག་ཡིག་མཁན་པོ་དབྱངས་ཅན་རོལ་བའི་འོ་མཚོས་མཛད་པའི་དག་ཡིག་མཁས་པ་དགའ་སྐྱེད་འདི་ཁྲིད་ན་ཤིན་ཏུ་འཚམས་ཤིང་། ལར་དག་ཡིག་མཁས་པ་དགའ་སྐྱེད་ཀྱི་གཞུང་ཚད་དེ་འདྲའི་ཆེ་རྒྱུ་མི་འདུག་ནའང་། དག་ཡིག་འདིའི་འགྲེལ་བ་ཆ་ཚང་ཞིག་དང་སྦྲགས་ཏེ་མིང་བརྡ་རྣམས་ཀྱི་གོ་བ་གསལ་བར་བཀྲལ་ནས་དེ་དག་གི་དཔེར་བརྗོད་དུ་མིང་བརྡ་ཡང་དག་པ་མང་དུ་བྲིས་ནས་ཁྲིད་པ་ཡིན་ན། དག་ཡིག་མཁས་པ་དགའ་སྐྱེད་ཀྱི་སློབ་ཁྲིད་ཆ་ཚང་རྫོགས་དུས་མ་མཐའ་ཡང་མིང་བརྡ་སུམ་སྟོང་ལྷག་སློབ་མ་རྣམས་ཀྱི་རྒྱུད་ལ་འཇོག་ཐུབ་པར་འགྱུར། གལ་ཏེ་སློབ་ཆུང་རྣམས་ཀྱི་རྒྱུད་ལ་མིང་བརྡ་འདི་འདྲའི་མང་པོའི་གོ་བ་བཞག་ཐུབ་ཚེ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་མ་ཡིན་ནམ། 

                དེ་མིན་རང་རེའི་སྔོན་གྱི་མཁས་པ་རྣམས་ལ་བསྟན་བཅོས་ཀྱི་ས་བཅད་དགར་སྟངས་དང་། སྤྱི་ཁོག་འབེབ་སྟངས་ཁྱད་པར་དུ་འཕགས་པ་སྟེ། གཞུང་གི་ས་བཅད་ངེས་ཚེ་གཞུང་དོན་མི་འཁྲུགས་པར་རིལ་བོ་ཡོང་བའི་དགེ་མཚན་ཆེ་ཞིང་། མཆོད་བརྗོད་ཕྱག་བྱ་ངོ་བོ་དང་།།ངེས་པར་བསྟན་པའང་དེ་ཡི་སྒོ།།ཞེས་གསུངས་པ་ལྟར། མགོའི་མཆོད་བརྗོད་སོགས་དང་། བར་གྱི་ངལ་གསོའི་ཚིག་དང་། མཇུག་གི་བསྔོ་བ་དང་བཅས་པ་ཤིན་ཏུ་ཁྱད་མཚར་ཞིང་ཀློག་པ་པོའི་དང་བ་ཅིག་ཅར་དུ་འཕྲོག་པར་བྱེད་པ་ཞིག་ཡོད། གཞུང་འཆད་པའི་ཚེ་ནའང་། ས་པཎ་མཁས་འཇུག་ཏུ། མདོ་དོན་སྨྲ་བ་རྣམས་ཀྱིས་ནི།།དགོས་པ་བསྡུས་པའི་དོན་བཅས་དང་།།ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས།།བརྒལ་ལན་བཅས་ཏེ་བསྙད་པར་བྱ།།ཞེས་གསུངས་པ་ལྟར། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་ལྟ་བུ་ནི་ཚུལ་འདི་ལྟ་བུས་མཛད་པ་ཞིག་ཏུ་སེམས་ལ། གཞུང་དོན་ངེས་པ་ལ་ཕན་ཁེ་ཤིན་ཏུ་ཆེ་བས། འདི་དག་ནི་རང་རེའི་གཞོན་རབས་པ་རྣམས་ཀྱིས་ཤེས་དགོས་པའི་ཚད་དུ་ཡོད་དེ། དེང་སང་ཤིན་ཏུ་སྔོན་ཐོན་ཡིན་མདོག་གིས་ཕྱི་གླིང་པའི་དཔྱད་རྩོམ་འབྲི་སྟངས་དང་། ཀྲུང་གོའི་བོད་རིག་པའི་དུས་དེབ་ཅིག་ཅིག་ཡིན་སྐད་ཀྱིས་སྤང་བླང་གི་དབྱེ་བཞག་མེད་པར་ཉག་ཉོག་རྫབ་རྫོབ་མང་པོ་བྱེད་ཡོང་བ་དེ་ནི་བོད་ཀྱི་རིག་གནས་གསེར་བྱེ་རུ་མི་འདོད་པའི་རྡོ་ཟེགས་བསྲེས་པ་ཁོ་ནར་ཟད། དེ་བས་ཁོ་བོའི་འདོད་སྣང་ལ། སུམ་རྟགས་ཀྱི་བསྟན་བཅོས་རྣམས་ཁྲིད་པའི་ཚེ་ན། མགོའི་མཆོད་བརྗོད་ནས་མཇུག་གི་མཛད་བྱང་བར་ཆ་ཚང་བ་ཁྲིད་ན་ལེགས་ཤིང་། དེ་ལྟར་བྱས་ན་གཞུང་གི་དོན་ལ་ངེས་པ་འཁྲུངས་སླ་བ་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།