དགེ་རྒན་ལ་ལྡན་དགོས་པའི་ཆ་རྐྱེན་གསུམ།

རྩོམ་པ་པོ།   མེ་དྲིན་མཚོ། དུས་ཚོད།   2018-07-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               སྤྱིར་དགེ་རྒན་ནི་མིའི་རིགས་ཀྱི་རིག་སྟོབས་དང་འཇོན་ཐང་། བྱ་བ་དང་སྤྱོད་པ་སོགས་ལེགས་པའི་ལམ་དུ་འཁྲིད་མཁན་གྱི་ལམ་སྟོན་ཡིན་ལ། དགེ་རྒན་ནི་བོད་ཀྱི་ཕྱི་རབས་པའི་བྱིས་པ་རྣམས་ཀྱི་ནུས་རྩལ་དང་ལྟ་རྒྱ། ཤེས་སྟོབས་སོགས་ཡར་ཐོན་དང་། བོད་པའི་བྱིས་པ་ཚོའི་ལུས་སེམས་སོགས་ཕྱོགས་ནས་ཡར་སྐྱེད་བྱེད་མཁན་དང་། བོད་ཀྱི་ཕྱི་རབས་པའི་མི་གཤིས་སོགས་ལེགས་པའི་ཕྱོགས་སུ་ཁྲིད་མཁན་ཡིན་པས། དགེ་རྒན་གྱི་ལས་ཀ་འདི་ནི་ཧ་ཅང་ལྗིད་མོ་ཞིག་རེད། དེ་འདྲའི་ལས་འགན་ཆེན་པོ་འཁུར་མཁན་གྱི་དགེ་རྒན་ཞིག་ལ་ཁྱད་ཆོས་གསུམ་ངེས་པར་དུ་ལྡན་དགོས་པར་འདོད་དེ།།

               གཅིག ཡོན་ཏན་གཞན་ལས་ལྷག་པ།

               དེང་གི་དགེ་རྒན་ཞིག་ལ་མཚོན་ནས་བཤད་ན། བོད་སྐད་ཡིག་དང་བོད་ཀྱི་རིག་གནས་ཀྱི་ཡོན་ཏན་ལེགས་པོ་ཞིག་ལྡན་དགོས་པར་མ་ཟད། རྩིས་འཁོར་དང་ཚན་རིག་ལག་རྩལ་ཕྱོགས་ཀྱི་ཡོན་ཏན་ཡང་ལྡན་དགོས་ཤིང་། ད་དུང་རྒྱ་ཡིག་དང་དབྱིན་ཡིག་སོགས་ཀྱི་ཡོན་ཏན་ཞིག་མེད་ནའང་མི་འདང་ས་མང་པས། དེ་བས་དགེ་རྒན་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་ལྡན་རྒྱུ་དེ་དགེ་རྒན་གྱི་རྩ་བའི་ཆ་རྐྱེན་དང་བོ་རེད། ཡོན་ཏན་གཞན་ལས་ལྷག་པ་ཞིག་མེད་ན་དགེ་རྒན་བྱེད་ཐབས་མེད་པ་ནི་གནས་ལུགས་ཀུན་ཀྱི་གཞི་མ་ཡིན།

             གཉིས།ཐབས་ལ་མཁས་པ།

             ཐབས་ནི་སློབ་མ་རྣམས་ལ་ལོག་ལྟ་མི་སྐྱེ་ཞིང་དེ་དག་གི་དགོངས་པ་ཕྱིན་ཅི་ལོག་ཏུ་མི་འགྲོ་བའི་ཆེད་ཡིན་ལ། དགེ་རྒན་ཐབས་ལ་མཁས་པ་ཞིག་མིན་ན་སློབ་མ་མང་པོར་བག་ཆགས་འཇོག་མི་ཐུབ། སློབ་མའི་དགའ་ཕྱོགས་ལ་བརྟེན་ནས་སློབ་མའི་སེམས་སྒུལ་རྒྱུ་དེ་དགེ་རྒན་གྱི་ཁྲིད་ཐབས་ལ་རག་ལས་པ་ཞིག་རེད། སློབ་མའི་སེམས་སྒུལ་ཐུབ་ན་སློབ་མའི་རིག་སྒོ་འབྱེད་སླ་ཞིང་། སློབ་མའི་བརྩོན་སེམས་ཀྱང་སྐྱེད་ཐུབ་རྒྱུ་རེད། ཁྲིད་ཐབས་བཟང་བོས་སློབ་མའི་སློབ་སྦྱོང་ཡར་སྐུལ་བྱེད་ཐུབ་པར་མ་ཟད། ཐབས་ཀྱིས་སློབ་མའི་ཆུ་ཚད་ཐག་གཅོད་བྱེད་ངེས་རེད།

            གསུམ། ལྷག་བསམ་ལྡན་པ།

            དགེ་རྒན་ཡོན་ཏན་དང་ཐབས་ལ་མཁས་ཀྱང་། དགེ་རྒན་ལ་ལྷག་བསམ་རྣམ་པར་དག་པ་ཞིག་མེད་ན་སློབ་མ་ལེགས་པོ་ཞིག་སྐྱེད་སྲིང་བྱེད་མི་ཐུབ་ཅིང་། དེང་གི་སྤྱི་ཚོགས་འདིར་དགེ་རྒན་གྱི་ཐོབ་ཐང་དང་གོ་གནས་དམའ་བ་དང་། དགེ་རྒན་གྱི་ལས་འགན་ལྕི་བས་ཁ་ཅིག་གིས་དགེ་རྒན་གྱི་བྱ་བ་ལ་སུན་སྣང་སྐྱེས་བཞིན་འདུག འདི་འདྲའི་སྒེར་སེམས་ཆེ་ཞིང་གཞན་ཕན་དབེན་པའི་དགེ་རྒན་ཞིག་ལ་མཚོན་ན། དགེ་རྒན་བཟང་བོ་ཞིག་ཏུ་འགྱུར་མི་ཐུབ་པར་མ་ཟད། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མའང་སྐྱེད་སྲིང་བྱེད་མི་ཐུབ་པ་སེམས་ཐག་གོར་མོ་རྡོ་ཡིན།

            དགེ་རྒན་ཞིག་ལ་གོང་གི་ཆ་རྐྱེན་གསུམ་པོ་ངེས་པར་དུ་ཚང་དགོས་ཤིང་། གལ་ཏེ་ཆ་རྐྱེན་དེ་གསུམ་མ་འཛོམས་ན་དགེ་རྒན་རྣལ་མ་ཞིག་དུས་རྣམ་ཀུན་ཏུ་འཁྱོངས་ཐབས་མེད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།