ངལ་རྩོལ་བྱས་རྗེས་ལམ་སེང་ཆུ་མང་པོ་བཏུང་བ་དང་གཟུགས་པོ་བཀྲུ་རུང་ངམ།

རྩོམ་པ་པོ།   དུས་ཚོད།   2018-07-09   $རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

གཅིག ངལ་རྩོལ་བྱས་རྗེས་ལམ་སེང་ཆུ་མང་པོ་བཏུང་རྒྱུ་མེད།

                ངལ་རྩོལ་བྱས་རྗེས་ལམ་སང་ཆུ་མང་པོ་བཏུང་ན་ཡག་པོ་མེད། དེའི་རྒྱུ་མཚན་ནི་སྐབས་དེར་ཕོ་བ་དང་རྒྱུ་ལམ་གྱི་ཁྲག་རྩ་འཁུམ་པའི་གནས་སུ་གྱུར་ནས་ཁྲག་མང་ཆེ་བ་ངལ་རྩོལ་དུ་བཞུགས་པའི་ཤ་གནད་ནང་རུབ་བསྡུས་བྱས་ཡོད་སྟབས་དེའི་སྐབས་སུ་ཆུང་མང་པོ་བཏུང་ན་ཕོ་བ་དང་རྒྱུ་ལམ་གྱི་བསྡུ་ལེན་ནུས་པ་ཞན་པས་ཆུ་རྣམས་དེའི་ནང་གསོག་སྟེ་གྲོད་པ་སྦོས་པ་དང་བདེ་པོ་མེད་པའི་ཚོར་བ་ཡོང་བ་མ་ཟད་ཟས་འཇུ་དཀའ་བའི་ནད་སློང་གི་རེད།

               དུས་མཚུངས་ངལ་རྩོལ་བྱས་ཚར་མ་ཐག་སྙིང་ཁམས་ངལ་གསོ་རྒྱག་དགོས་ཀྱི་ཡོད་པས་གལ་ཏེ་ཆུ་མང་པོ་བཏུང་ན་སྙིང་ཁམས་འགུལ་ཤུགས་ཆེ་རུ་སོང་སྟེ་ངལ་གསོ་བར་ཕན་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་ངལ་དུབ་ཆེ་རུ་འགྲོ་བ་རེད།

    ན་ཚ་མི་ཕོག་པའི་ཆེད་དུ་ཡག་ཤོས་བྱུང་ན་ཆུ་ཁོལ་གྲང་བཏུང་དགོའ་པ་ལས་དུག་སེལ་བྱས་མེད་པའི་ཆུ་གཙང་དང་ཁྲོན་ཆུ་བཏུང་རྒྱུ་མེད། དུས་ཚོད་རིང་ལ་ཛ་དྲག་ཆེ་བའི་ལུས་རྩལ་འགུལ་སྐྱོད་དེ་དཔེར་ན་རྒྱང་རྒྱུག་ལ་སོགས་པ་བྱས་རྗེས་སུའང་དོན་གནད་འདིར་ཡིད་གཟབ་བྱ་དགོས།

གཉིས། ངལ་རྩོལ་བྱས་རྗེས་ལམ་སེང་ཆུ་གྲང་མོས་གཟུགས་པོ་བཀྲུ་རྒྱུ་མེད།

                 ཛ་དྲག་ཆེ་བའི་ལུས་པོའི་ངལ་རྩོལ་བྱས་རྗེས་ལུས་པོའི་པགས་པའི་ངོས་ཀྱི་རྩ་ཕྲན་རྣམས་རང་བཞིན་གྱིས་ཇེ་ཆེར་རྒྱས་ནས་རྔུལ་ཆུ་ཐོན་སའི་ཁུང་བུ་རྣམས་ཁ་གདང་གི་ཡོད། སྐབས་དེར་ཆུ་གྲང་མོས་གཟུགས་པོ་བཀྲུས་ན་ངལ་དུབ་ཆེན་པོ་བྱུང་བའི་གནས་ཚུལ་འོག་གློ་བུར་དུ་གྲང་ཟུག་ཕོག་སྟེ་ལུས་པོ་ཡོངས་ཀྱི་འགོག་ཤུགས་མངོན་གསལ་དོད་པོས་ཆུང་དུ་འགྲོ་གི་ཡོད་སྟབས་ནད་དུག་དང་ནད་སློང་འབུ་ཕྲར་གོ་སྐབས་ཐོབ་སྟེ་གྲུབ་བུ་དང་ན་ཚ་གཞན་སློང་གི་ཡོད། གཞན་ཡང་གློ་བུར་དུ་དྲོད་ཚད་ཅུང་ཙམ་དམའ་བའི་ཆུའི་ནང་འཛུལ་ན་ཤ་གནད་དང་རྩ་འཁུམ་སླ་པོ་ཡོད།

               ངལ་རྩོལ་བྱས་རྗེས། སྔོན་ལ་ལུས་ཐོག་གི་རྔུལ་ཆུ་རྣམས་དབྱི་དགོས་པ་དང་། ལུས་ཤུགས་སླར་གསོ་བྱུང་མཚམས་སུ་གཞི་ནས་ངོ་གདོང་དང་། བྲང་ཁོག བརླ་ཤ་བཅས་ལ་ཆུ་གྲང་མོ་བྱུགས་ཙམ་བྱས་ཏེ་ལུས་པོར་གྲང་ཟུག་ཅུང་ཟད་ཕོག་ཏུ་བཅུག་ནས་ལུས་པོ་ཡོངས་ཀྱི་དབང་པོ་ཁག་ཆུའི་དྲོད་ཚད་དང་མཐུན་རྗེས་གཞི་ནས་ཆུའི་ནང་འཛུལ་ཏེ་གཟུགས་པོ་བཀྲུ་དགོས་པ་ཡིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།