བཟའ་འཐོར་བྱས་རྗེས་བྱིས་པའི་གསོ་སྐྱོང་བདག་དབང་ང་ལ་ཡོད་བཞིན་དུ་ཁྱོ་གས་བཙན་ཁྲིད་བྱས་ཆོག་གམ།

རྩོམ་པ་པོ།   དུས་ཚོད།   2018-07-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གྱོད་དཔེ།

                     ངའི་བཟའ་ཟླ(སྔོན་ཆད་ཀྱི་བཟའ་ཟླ)དཔལ་མཆོག་ཉི་མ་དང་ངེད་གཉིས་གོ་བརྒྱད་ལོར་ངོ་ཤེས་ཤིང་། རིམ་བཞིན་ལོ་ཉི་ཤུའི་འཇིག་རྟེན་སྣང་བས་ཅོལ་ཆུང་གི་སེམས་པ་ཀུན་ནས་བསླུས་ཏེ་ངེད་གཉིས་ཀྱིས་འཁོར་བའི་གཞི་ཁྱིམ་གཅིག་ལ་སྨོན་ལམ་བཏབ་ཅིང་བརྩེ་དུངས་ཀྱི་དབུ་ཁྱུད་ཐོག་མར་སྦྲ་ཁྱིམ་འདིར་བྲིས་པ་ཡིན། ལོ་གཉིས་འགོར་རྗེས། ངེད་གཉིས་ལ་བུ་ཞིག་སྐྱེས་པ་དང་འཚོ་བ་སྔར་ལས་ཇེ་སྐྱིད་དང་རེ་ལྟོས་ཀྱིས་ཁེངས་ཡོད། ཡིན་ནའང་། ལས་བསམ་སར་མ་སོང་གསེག་སར་སོང་ཟེར་བ་ལྟར། གོ་དགུ་ལོ་ནས་བཟུང་ངའི་ཁྱོ་གས་ཆང་འཇོལ་ཉོག་ཏུ་འཐུང་བ་དང་རྒྱན་ཚོད་མེད་སྐུགས་པ་སོགས་ཀྱི་ངན་གཤིས་ཤིག་གོམས་ནས་ཁྱིམ་ཚང་གི་ཐོན་སྐྱེད་དང་བཟའ་ཟླའི་བརྩེ་དུངས་ལ་གནོད་པ་ཆེན་པོ་བཟོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་ཕ་མ། ངེད་མ་བུ་གཉིས་ཀྱིས་ཁོ་ལ་ངན་གཤིས་བསྒྱུར་དགོས་པའི་རེ་བ་གང་མང་བཏོན་ཡང་ངལ་བ་འབྲས་མེད་དུ་གྱུར་སྟབས། ཉིས་སྟོང་གཅིག་ལོར་ངེད་གཉིས་བཟའ་འཐོར་བྱེད་པ་དང་བུ་ཆུང་ངས་གསོ་སྐྱོང་བྱས་པ་ཡིན། རྗེས་སུ་དཔལ་མཆོག་ཉི་མ་ཕལ་ཆེར་ཟླ་རེའི་ནང་དུ་ཁོའི་བུ་ལ་ངོ་ཐུག་ཏུ་ཡོང་བ་རེད། ཉེ་སྔོན། ཁོས་བུ་ཆུང་ཁྲིད་དེ་རང་གི་སྡོད་ཤག་ཏུ་ཉིན་འགའ་རེ་འདུག་དགོས་པའི་རེ་བ་བཏོན་པ་ན། ངས་ཁོའི་ངན་གཤིས་ཀྱིས་རང་གི་བུའི་བསམ་བློའི་བདེ་ཐང་ལ་ཤན་ཤུགས་ངན་པ་ཐེབས་སུ་འཇུག་པར་དོགས་ནས་ཁོའི་རེ་བ་དང་ལེན་མ་བྱས་པར་མ་ཟད། རྗེས་སུ་བུ་ཆུང་ལ་ངོ་ཐུག་ཏུ་མ་བཅུག་པས། ཁོས་རང་གི་བུ་ལ་ངོ་ཐུག་རྒྱུ་དེ་བཅའ་ཁྲིམས་ཀྱིས་གནང་བའི་དབང་ཆ་ཡིན་པས། བདག་གིས་ཁོ་ཕ་བུ་གཉིས་ཀྱི་བརྩེ་དུངས་ལ་གནོད་པ་བཟོས་སོང་ཞེས་རྒྱུན་དུ་ཆང་བཏུངས་རྗེས་ང་བཙལ་ནས་གཤེ་གཤེ་གཏོང་བ་དང་འཚོ་བར་རྙོག་དྲ་བཟོ་བཞིན་ཡོད། ད་ལྟ་ངེད་གཉིས་ཀྱི་རྩོད་གཞི་དང་འགལ་ཟླ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། བདག་གི་ཁྱོ་ག་སྔོན་མས་འདི་ལྟ་བུའི་བྱ་སྤྱོད་སྤེལ་ན་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་བམ།

ཁྲིམས་བཤད།

                 གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་པའི་ཚན་པ་དང་པོའི་ནང་དུ། བཟའ་ཚང་ཐོར་རྗེས། བྱིས་པའི་ཕ་མ་གཉིས་ལས་སུ་ཞིག་གིས་གསོ་སྐྱོང་བྱས་ནའང་ཅིག་ཤོས་ལ་ངོ་ཐུག་པའི་དབང་ཆ་ཡོད་ལ་རོགས་སྐྱོར་བྱེད་པའི་འོས་འགན་ཡང་ཡོད་ཅེས་གཏན་འཁེལ་བྱས་ཡོད། དུས་མཚུངས་སུ། གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་སོ་བརྒྱད་ཀྱི་ཚན་པ་གསུམ་པའི་ནང་དུ་ཕ་མ་གཉིས་བྱིས་པར་ངོ་ཐུག་སྟེ། བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པ་ཐེབས་ཚེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཐུག་པའི་དབང་ཆ་མཚམས་གཞག་རྒྱུ་དང་། ཅིག་ཤོས་དེས་ངན་གཤིས་བསྒྱུར་བཅོས་བྱས་རྗེས་སླར་ཡང་ངོ་ཐུག་པའི་དབང་ཆ་སླར་གསོ་བྱ་དགོས་ཞེས་གཏན་འཁེལ་གསལ་བོར་བྱས་ཡོད་པས། དཔལ་མཆོག་ཉི་མས་ཆང་འཐུང་རྒྱན་སྐུགས་ཀྱི་གོམས་གཤིས་ངན་པས་དངོས་གནས་ཁྱོད་ཀྱི་བུ་ཆུང་གི་བསམ་བློའི་བདེ་ཐང་ལ་ངན་ཤུགས་ཐེབས་པའི་ཉེན་ཁ་ཡོད་ལ། ཁྱོད་ཀྱིས་ཁོ་ཕ་བུ་གཉིས་ངོ་ཐུག་པར་ཚོད་འཛིན་བྱས་པ་ནི་གནས་ལུགས་དང་མཐུན་ལ། དཔལ་མཆོག་ཉི་མས་མུ་མཐུད་དུ་བུ་ཆུང་ལ་ངོ་ཐུག་སྟེ་ཁྱོད་ཀྱི་འཚོ་བར་རྙོག་དྲ་བཟོས་ཚེ། ཁྱོད་ཀྱིས་ས་གནས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱོས་དང་། བཅའ་ཁྲིམས་ཀྱིས་ཁྱོད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ངེས་ཡིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།