བརྗིད་ཉམས་ལྡན་པའི་ཀ་གཟུགས་བྲག་རྡོའི་ནགས་ཚལ།

རྩོམ་པ་པོ།   དུས་ཚོད།   2018-07-05   $རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

                 ཨིར་ལན་རྒྱལ་ཁབ་ཀྱི་ཨན་ཐེ་ལི་མུའུ་ཅུན་བྱང་མཚོ་འགྲམ་གྱི་ཤེད་བུའི་ལམ་ནི་སྲིད་ན་མཐོང་དཀོན་པའི་རང་བྱུང་ངོ་མཚར་ཞིག་སྟེ། མཚོ་འགྲམ་དེའི་བྲག་འདབས་སུ་ཀ་གཟུགས་བྲག་རྡོ་གླིང་དྲུག་ཅན་དང་། གླིང་ལྔ་ཅན། གླིང་བཞི་ཅན་ཧ་ལམ་ཁྲི4ལྷག་ཚར་དུ་དངར་ནས་ཡོད་ཅིང་། གཡང་གཟར་བྲག་རི་ནས་མཚོ་ངོས་སུ་ཕལ་ཆེར་སྟོང་སྨིས6ཙམ་གྱི་སར་བརྐྱངས་ཡོད་པས། རྒྱ་མཚོར་བསྐྱོད་པའི་རང་བྱུང་ཐེམ་སྐས་ཆེན་པོ་ཞིག་ཏུ་ལྷུན་གྱིས་གྲུབ།
            ཤེད་བུའི་ལམ་ཡོད་སའི་མཚོ་འགྲམ་དུ་ཁྱད་ཆོས་མངོན་པར་འཕགས་པའི་ཀ་གཟུགས་བྲག་རྡོ་འབོར་ཆེན་ཚར་དུ་དངར་ནས་ཡོད་པས། བརྗིད་ཆགས་པའི་ཀ་གཟུགས་བྲག་རྡོའི་ནགས་ཚལ་གྲུབ་པ་དང་། རྒྱང་རིང་ནས་བལྟས་ན་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་རེད། ཅུང་ཟད་དམའ་བའི་རྡོ་ཀའི་སྟེང་དུ་ལངས་ནས་ཞིབ་ཏུ་བལྟར་ན། ཁྱོད་ཀྱིས་ཀ་གཟུགས་བྲག་རྡོ་མང་ཆེ་ཤོས་ཀྱི་ལོགས་ངོས་སུ་ཚད་མཐུན་གྱི་གླིང་མང་བོ་ཡོད་པ་མཐོང་ཐུབ། མཚོ་རླབས་ཀྱིས་རྒྱུན་མ་ཆད་པར་བརྡེག་པས། ཀ་གཟུགས་བྲག་རྡོ་དག་མཐོ་ཚད་མི་འདྲ་བའི་མཚམས་སུ་ཆད་ཅིང་ཟད་ཡོད། དེ་ལས་ཆེས་མཐོ་ཤོས་ལ་སྨིས12ཡས་མས་ཡོད། ད་དུང་འགའ་ཞིག་ནི་མཚོ་ཆུའི་གཏིང་དུ་ནུབ་པའམ་མཚོ་ངོས་དང་མཉམ་པོར་ཡོད་པས། ད་ལྟའི་མཐོ་དམའ་མི་སྙོམས་པའི་ཐེམ་སྐས་རང་བཞིན་གྱི་ཕྱིའི་རྣམ་པ་དེ་བྱུང་བ་རེད།
          དེ་དང་ཆ་འདྲ་བའི་ས་དབྱིབས་ཆགས་ཚུལ་ནི་གནས་གཞན་དུ་ཡང་མང་བོ་ཡོད་དེ། དཔེར་ན་སུའུ་ཀི་ལན་གྱི་ནེ་ཧོ་པུའུ་ལི་ཏི་གླིང་ཚོམ་གྱི་སི་ཐ་ཧྥ་གླིང་ཕྲན་དང་། འཁྱགས་གླིང་གི་ལྷོ་ཁུལ། ཀྲུང་གོའི་ཅང་སུའུ་ལི་ཧོ་རྫོང་གི་ཀ་གཟུགས་རི་བོ་སོགས་ཡོད་མོད། ཤེད་བུའི་ལམ་གྱི་མཛེས་ལྗོངས་ནི་ཆེས་ཆ་ཚང་ཞིང་བརྗིད་ཉམས་ལྡན་པ་དེ་ཡིན།
         དེ་ལྟ་བུའི་ཁྱད་མཚར་བའི་ཡུལ་ལྗོངས་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། ཧ་ལམ་ལོ་ངོ་ཁྲི5000ནས6000གི་ཡར་སྔོན་དུ། ས་ཤུན་འགུལ་སྐྱོད་དྲག་པོ་དང་མེ་རི་འཕྱུར་བ་ལས་བྲག་རྡོའི་བྲག་ཞུན་ས་ཤུན་གས་ཆད་ལས་ཕྱིར་ཐོན་ཞིང་ས་ངོས་སུ་བཞུར་རྗེས། མེ་ལྟར་ཚ་བའི་བྲག་ཞུན་རིམ་གྱིས་འཁྱགས་ཤིང་མཁྲེགས་པོར་འགྱུར་བའི་གོ་རིམ་ཁྲོད་གས་ཆག་བྱུང་བ་དང་མཉམ་དུ་སྐུམ་པའི་ནུས་ཤུགས་ཀྱང་ཆེས་སྙོམས་པོར་གྱུར་པས་ཚད་མཐུན་གྱི་ཀ་གཟུགས་སུ་གྲུབ་ཅིང་། ཀ་གཟུགས་བྲག་རྡོ་མང་བོ་གྲལ་དུ་བསྒྲིགས་ཤིང་ཆགས་པས། མཐའ་མར་བརྗིད་ཆགས་པའི་ཀ་གཟུགས་བྲག་རྡོའི་ནགས་ཚལ་དེ་གྲུབ་པ་ཡིན་ནོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།