བོད་ཀྱི་བྱིས་པའི་སློབ་གསོའི་སྐོར་གྱི་ལྷན་ཐབས་ཐུང་ངུ་།

རྩོམ་པ་པོ།   ཕུན་ཚོགས་བཀྲ་ཤིས།དུས་ཚོད།   2018-07-02   $རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                       ང་ཚོར་སློབ་གསོ་ཡག་པོ་མེད་པར་མ་ཟད་སྒོས་སུ་ཆེས་གལ་འགངས་ཆེ་བའི་སློབ་གསོའི་རྫོགས་ལྡན་དུས་རིམ་སྟེ། སྔ་རིམ་སློབ་གསོའི་རྣམ་གཞག་རྦད་དེ་མེད་པས་སོ།། དེ་ན་འདིར་དེའི་གལ་ཆེན་རང་བཞིན་འགའ་ཞིག་འཆད་པར་འགྱུར་རོ། །

                       དང་པོ།སི་ཕན་རྒྱལ་ཁབ་ཀྱི་སྒྱུ་རྩལ་བ་གྲགས་ཅན་ཕ་བྷོལ·ཕེས་ཁཱ་སོའོ་ཡིས། བྱིས་པ་རེ་རེ་ནི་ལྷན་སྐྱེས་ཀྱི་སྒྱུ་རྩལ་བ་རེ་རེ་ཡིན་མོད། གནད་འགག་ནི་རང་ཉིད་ནར་སོན་པའི་གོ་རིམ་ཁྲོད་དུ་ཅི་ལྟར་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་ནུས་པ་ཁྱད་མཚར་བ་དེ་སྔར་བཞིན་བརྒྱུད་འཛིན་བྱེད་ཐུབ་མིན་དེ་ཡིན། ཞེས་གསུངས་མྱོང་། བསམ་བློ་རྣལ་དུ་བཏང་ན་དེ་ནི་ཇི་འདྲའི་ཡིད་དབང་འཕྲོག་པའི་ལེགས་བཤད་ཅིག་རེད་ཨང་། དེ་བཞིན་ང་ཚོ་འབྲོག་སར་གནས་པའི་འབྲོག་ཕྲུག་དེ་དག་དང་རོང་ས་དོག་མོར་གནས་པའི་རོང་ཕྲུག་དེ་དག་རེ་རེ་ལའང་། ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་འཇོན་ཐང་ཡན་གར་བ་རེ་རེ་བདོག་སྲིད་པ་ནི་སྨོས་ག་ལ་དགོས་མོད། ཁོ་ཚོའི་ཁོང་དུ་སྦས་པའི་ཤེས་རབ་དང་འཇོན་ནུས་དེ་དག་རེ་རེ་རྩལ་དུ་ཕྱུང་བའི་སློབ་གསོ་ཡག་པོ་ཞིག་མེད་པ་ཉིད་ཀྱིས་ལན་པ་བསྙོན་དུ་མེད་དེ། དེའི་ཕྱིར།ང་ཚོའི་སློབ་གསོ་དང་ནང་སྒོས་སུ་སྔ་རིམ་སློབ་གསོའི་ཆོས་ཉིད་དང་དགེ་མཚན་ལ་གོ་བ་གཏིང་ཟབ་ཅིག་ལོན་དགོས་པ་ནི་ཐོག་མའི་གོམ་པ་དང་པོ་ཡིན།

                     གཉིས་པ།ད་ནི་མིའི་ཀླད་པའི་འཕེལ་རྒྱས་དང་སྔ་རིམ་སློབ་གསོའི་འབྲེལ་བ་གཉིས་རགས་ཙམ་གླེང་བར་བྱ་སྟེ།རང་གིས་བཟོས་པའི་དཀའ་ངལ་དང་ནོར་འཁྲུལ་སོགས་རང་གིས་འགན་ཁུར་ཐུབ་པ་ལས་གཡོ་སྒྱུ་བྱ་མི་རུང་བ། དཀའ་ངལ་གང་ཞིག་ཡིན་ཡང་རང་ཉིད་ཀྱིས་སྙིང་སྟོབས་བསྐྱེད་དེ་མཐའ་གཅིག་ཏུ་གདོང་གཏད་པ་ན་ནམ་ཡང་རྒྱལ་ངེས་ཡིན་པ། བྱ་བ་གང་དང་གང་ཞིག་ཡིན་ཡང་རང་ཉིད་རང་གི་མགོན་ཡིན་ཞེས་པའི་རྩ་དོན་ལ་ངེས་ཤེས་ཡག་པོ་འདྲོངས་པའི་ཐོག་ནས་བྱ་བ་བསྒྲུབ་དགོས་པ་དང་། དེ་ལྟར་བསྒྲུབས་ན་དཀའ་ངལ་ཅི་འདྲ་ཞིག་ཡིན་རུང་སེལ་ཐུབ་ངེས་ཡིན་པ་དང་། གྱོང་གུད་ཕོག་པ་ཉུང་དུ་གཏོང་ནུས་པ། རང་གི་འཇོན་ཐང་རང་གིས་སྤེལ་དགོས་པ། རང་གིས་རང་ལ་ཡིད་ཆེས་བྱེད་དགོས་པ། རང་ཉིད་ཀྱི་ཅ་ནེ་དང་ཟ་མ་སོགས་རང་གིས་འཚོལ་དགོས་པ་ལས་ནམ་ཡང་ཕ་མ་སོགས་ལ་བརྟེན་མི་རུང་བར་མ་ཟད། ཕྱིར་ཕ་མར་དྲིན་ལན་འཇལ་དགོས་པའི་འོས་འགན་ཡོད་པ། རང་གིས་འབད་བརྩོན་བྱས་པའི་འབྲས་བུ་ནི་ནམ་ཡང་རང་ལ་དབང་བར་མ་ཟད། རང་གི་གཟི་བརྗིད་ཀྱང་འདི་ལས་མངོན་ཐུབ་པ། རང་གིས་རང་ཉིད་འཕེལ་རྒྱས་གཏོང་ཐབས་དེ་དྲང་བོ་དྲང་བཞག་གི་ཐོག་ནས་དཀའ་ལས་ལ་གདོང་གཏད་དེ་འཚོལ་རྒྱུ་ཞིག་ཡིན་པ་ལས། བརྐུ་བྱས་ཏེ་འཕེལ་རྒྱས་མི་ཡོང་བ། རྒྱན་བཞག་སྟེ་འཕེལ་རྒྱས་མི་ཡོང་བ། སྐྱིད་པོ་རྒྱུན་ཉལ་བྱས་ཏེ་འཕེལ་རྒྱས་མི་ཡོང་བ་སོགས་ངེས་དགོས་པ། མི་ཚེའི་ནང་དྲང་བདེན་དང་བདེན་པ་ནི་ཆེས་རྩ་ཆེ་བའི་རིན་པོ་ཆེ་ཞིག་ཡིན་པ་དང་། དེ་རང་ཉིད་ནས་འགོ་རྩོམ་དགོས་པ་ལས་གཞན་ལ་ཁག་དཀྲི་གཡོ་ཁྲམ་བྱས་ན་ངོ་ཚ་ཡིན་པ་སོགས། མདོར་ན་རང་དོན་རང་གིས་ཐག་གཅོད་དགོས་པ་ལས་ནམ་ཡང་སྐྱབས་བརྟེན་དཔུང་འཚོལ་བྱས་ཏེ་རྒྱལ་ཁ་བླངས་པ་ཞིག་དངོས་ཡོད་ལོ་རྒྱུས་སུ་མ་གྲུབ་པ་ཞིག་ཡིན་པ་ཤེས་པའི་ཐོག་ནས་སློབ་གསོ་ཞིག་གཏོང་དགོས་པ་དང་དེ་དག་ངེས་སུ་འཇུག་རྒྱུ་དེ་རེད་སྙམ།

                     ཆོས་ཉིད་གང་ལའང་ལྟོས་པ་མེད་པར་རང་བསམ་རང་འདོད་ཀྱིས། བཙན་བཙན་དྲག་དྲག་གིས་བློ་རིག་རྟུལ་པོར་བཟོ་ཐབས་ཤིག་སྟེ། ང་ཚོའི་ཐབས་བཀོད་དེར“ལྟོས་མེད”ཀྱི་འཕེལ་རྒྱས་གཏོང་ཐབས་ཟེར་ན་འགྲིག་གོ། ང་ཚོས་ལས་སྟངས་བཅའ་སྟངས་དེ་སློབ་མའི་བློ་རིག་དང་རུང་བསྟུན་ཞིག་ཡོང་གི་ཡོད་དམ་མེད། བྱིས་པའི་བློ་རིག་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་འཕེལ་རྒྱས་གཏོང་ཐབས་གཉིས་ཆ་མཐུན་ནམ་མི་མཐུན། ང་ཚོའི་སློབ་མ་སྐྱོང་བའི་ཐབས་བཀོད་འདི་དག་གིས་སྐྱོན་ཆ་འདི་དག་མ་ཟད་གདོན་མི་ཟ་བར་དེ་ལས་ཀྱང་མང་པོ་སློང་ངེས་ཏེ། སློབ་གྲྭར་འགྲོ་བའི་དམིགས་ཡུལ་ནི་ཤེས་བྱ་སློབ་རྒྱུ་ཁོ་ན་མ་ཡིན་པར་བློ་རིག་གམ་ཤེས་རབ་ཀྱང་དེ་བཞིན་སློབ་དགོས། ཤེས་བྱ་དང་ནུས་པ་ནི་ཤེས་རབ་ཡིན། མི་ཞིག་སྤྱི་ཚོགས་སུ་ཞུགས་དུས། ལས་ཀ་ཞིག་འཚོལ་དགོས་པ་རེད། བཟའ་ཚང་ཞིག་བསྒྲིགས་དགོས་པ་རེད། ཁང་བ་ཞིག་བརྒྱབ་དགོས་པ་རེད། དེའི་རྒྱུ་མཚན་ནི་སློབ་གསོ་ཡག་པོ་མེད་པ་དང་སློས་གསོ་ལ་ངོས་ཟིན་ཡག་པོ་མེད་པས་རེད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།