བསང་གི་འབྱུང་ཁུངས་དང་དེའི་དགེ་མཚན་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།   ལྕགས་མོ་མཚོ།དུས་ཚོད།   2018-06-27   $རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


   ནང་དོན་གནད་བསྡུས། བསང་གཏོང་བ་ནི་གདོད་མ་ནས་བྱུང་ཞིང་དེང་དུས་སུ་ཡང་དང་དོད་ཆེན་པོ་ཡོད་པའི་བོད་ཀྱི་དམངས་ཁྲོད་ཆོ་ག་ཞིག་རེད། བོད་ཀྱི་ཁྱིམ་ཚང་རེ་རེའི་སྒོ་ཁ་དང་ཁང་བའི་ཡང་ཐོག ར་སྐོར་ནང་དུ་བསང་ཁྲི་བརྩིགས་ཡོད་ལ། རི་མགོ་དང་། སྐོར་ལམ། ལྷ་ཁང་སོགས་གང་སར་བསང་ཁྲི་མཐོང་རྒྱུ་ཡོད། དེ་མ་ཟད་བོད་ལ་རི་བསང་དང་ཀླུ་བསང་སོགས་འཕུལ་སྲོལ་ཡང་ཡོད་པ་རེད། འོན་ཏེ་བོད་མིའི་བསང་གཏོང་བའི་གོམས་སྲོལ་དེ་རྒྱུ་ཅི་ཞིག་གིས་དར་བ་དང་། དེའི་འབྱུང་ཁུངས་གང་འདྲ་ཡིན་པ་སོགས་ཡིག་ཐོག་ཏུ་ཁ་གསལ་ཞིག་བཀོད་པ་ཅུང་མཐོང་དཀོན། དཔྱད་རྩོམ་འདིར་གཙོ་བོ་བན་བོན་གྱི་ཡིག་ཆ་ཁ་ཤས་གཞིར་བཟུང་ནས་བསང་གི་ཐོག་མའི་འབྱུང་ཁུངས་དང་གྲུབ་ཆ་སོགས་ལ་དབྱེ་ཞིབ་དང་། ད་དུད་བསང་གི་རྒྱུ་དང་ཕན་ཡོན་སྐོར་ལ་དཔྱད་པ་རགས་ཙམ་བགྱིས་ཡོད།

         མིང་བརྡ་གཙོ་བོ། བསང་། འབྱུང་ཁུངས། དགེ་མཚན།

         དང་པོ། བསང་གི་གོ་དོན་དང་འབྱུང་ཁུངས།

         བོད་དུ་གནའ་ནས་བཟུང་བསང་ཞེས་པའི་རིག་གནས་ཀྱི་རྣམ་པ་ཞིག་བྱུང་ཡོད་ཀྱང་། དེའི་གོ་དོན་ཅི་ཡིན་པ་དང་འབྱུང་ཁུངས་གང་འདྲ་ཡིན་པའི་སྐོར་ལ་དཔྱད་པ་བགྱིས་པ་ཅུང་ཉུང་། གཤམ་དུ་བདག་གིས་རང་གི་ལྟ་ཚུལ་དེར་ཞིབ་འཇུག་པ་འགའི་ལྟ་ཚུལ་དང་སྦྲགས་ནས་ཅུང་གླེང་བར་བ་སྟེ།

         གཅིག བསང་གི་གོ་དོན། 

          ནམ་མཁའི་ནོར་བུ་རིན་པོ་ཆེ་ལགས་ཀྱིས“བསང་གི་ངོ་བོ་དང་བྱེད་ལས་གཙོ་བོ་ནི་མནོལ་གྲིབ་མི་གཙང་བའི་རིགས་རྣམས་བསང་བའམ་དག་པར་བྱེད་པ་སེལ་གྱི་སྒོ་ཞིག་ཡིན”①ཞེས་གསུངས་པ་ལས་བསང་ཞེས་པའི་ཐོག་མའི་རང་བཞིན་ནི་མི་གཙང་བའམ་མནོལ་གྲིབ་སེལ་བར་བྱེད་པ་ལ་གོ་བ་ཤུགས་ཆེ་ལ་སེལ་གྱི་སྒོ་ཞིག་ཡིན་པའང་རྟོགས་ཐུབ། “སེལ་ཞེས་བྱ་བའི་རྒྱུ་མཚན་ཡང་འགྲོ་བ་མིའི་རིགས་རྣམས་ཀྱི་རྩ་དཀར་ནག་དང་། མནོལ་གྲིབ་དང་དམེ་རྨུགས་དབུལ་ཕོངས་བགེགས་བར་ཆད་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་སེལ་བར་བྱེད་པའི་ཐབས་ཟབ་མོ་ཞིག་ཡིན་པའི་ཆ་ནས་སེལ་ཞེས་གྲགས་པ་ཡིན། སེལ་གྱི་སྒོ་སུམ་བརྒྱ་དྲུག་ཅུར་ཡོད། དེང་དུས་བན་བོན་ཐུན་མོང་ལ་ཤིན་ཏུ་གྲགས་ཆེ་བའི་སེལ་སྒོ་ནི་བསང་གི་རིགས་རྣམས་ཡིན། བསལ་བའི་དུག་རིགས་ཇི་སྙེད་པ་ཞིག་ཡོད་པ་གསལ་བར་བསྟན་ཅིང་། སེལ་བྱེད་ཀྱི་གཙོ་བོ་ནི་བསང་དང་ཚན་ཞེས་བ་བ་དེ་གཉིས་ཡིན”②ཞེས་པ་ལས་སེལ་བྱ་བ་དེ་ཡང་མི་གཙང་བ་དང་བགེགས་བར་ཆད་སོགས་སེལ་བ་བྱེད་པ་ཡིན་ལ། བསང་དེའི་ནང་ཚན་ཞིག་ཏུ་གཉོགས་པ་ཤེས་ཐུབ། ཡང་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས།  “བསང་ནི་བོད་རིགས་ཀྱི་ལྷ་གསོལ་བའི་བྱེད་སྒོའི་ནང་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་སེལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཡིན་པ” ③ ཞེས་གསུངས། དེ་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་བསང་ཞེས་པ་འདི་སྔོན་ཆད་བྱ་ཚིག་ཅིག་ཡིན་པ་རྟོགས་ཐུབ། དེའི་དོན་ནི་མི་གཙང་བ་དང་མནོལ་གྲིབ་སོགས་དག་པའམ་སེལ་བར་བྱེད་པ་དེ་རེད། ཕྱིས་སུ་དེ་བོན་གྱི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་འཕེལ་འགྱུར་བྱུང་ནས་མིང་ཚིག་ཏུ་བསྒྱུར་ནས་བསང་ཕུད་པ་དང་། བསང་གཏོང་བ་ཞེས་བཀོལ་བར་སྙམ་མོ། 

          འོན་ཀྱང་དེང་དུས་བསང་ཞེས་བརྗོད་ཚེ་ངེས་པར་ལྷ་གསོལ་ཀླུ་མཆོད་ཀྱི་ཆོ་ག་སྒྲུབ་ལུགས་འབའ་ཞིག་ཏུ་ངོས་འཛིན་པ་ལས་གདོད་མའི་བསང་ཞེས་པའི་བརྡ་རང་སྟེང་གི་གོ་དོན་དང་ཁྱད་པར་ཆེ་བར་སོང་བ་འདི་ལ་སུས་ཀྱང་གསལ་ཁ་ཆེ་བ་ཞིག་མཛད་མེད་ཅིང། ལྷག་པར་བསང་ཡིག་འདོན་གསོལ་གྱི་ནང་དུ་སྣང་ཚུལ་འདི་གཉིས་དབྱེ་བ་སོ་སོར་མ་ཕྱེ་བར་འདྲེས་པ་དང་། ཡང་འགའ་ཞིག་གིས་དུ་བ་ལ་བརྟེན་ནས་གྲིབ་དག་པར་བཤད་པ་སོགས་བཞེད་ཚུལ་སྣ་ཚོགས་འདུག་པ་སོགས་འདིར་གཅིག་ཆོས་ཀྱིས་ཁ་ཚོན་གཅོད་དཀའ་ཡང་། དེང་སང་བོད་ཀྱི་ས་ཆ་ཁ་ཤས་སུ་གཤིན་པོ་དུར་འཇུག་བྱེད་ཚེ་ཁང་ཁྱིམ་གྱི་སྒོའི་ཕྱི་རུ་མེ་འཇོག་པ་དང་། ཡང་སྦྲུམ་མར་བུ་བཙས་པའི་དུས་སྒོ་མདུན་དུ་མེ་བཞག་སྟེ་ཕྱི་ནས་ཁྱིམ་དུ་ཡོང་བའི་མི་སུ་ཡིན་རུང་མེའི་སྟེང་དུ་འགོམ་ནས་ནང་ལ་ཡོང་བ། དེ་བཞིན་ཁང་ཁྱིམ་གང་ཞིག་གི་སྒོའི་ཕྱི་ན་དུ་བ་ལྷོག་ལྷོག་འཕྱུར་བ་ཞིག་ཡོད་ཚེ་དུད་ཚང་དེར་ཉེན་ཚབས་ཆེ་བའི་ནད་པ་སོགས་ཡོད་པར་བསྟན་པས་གང་བྱུང་གིས་ཁྱིམ་ལ་མ་ཡོང་ཞེས་པའི་བརྡ་ཙམ་ལས་དོན་ཅི་ཡང་མེད་པ་འདིས། གདོད་མའི་དུས་ཀྱི་བསངས་བྱ་བ་མེ་ལ་མ་གཏོགས་དུ་བ་ལ་འགྲེལ་ཚུལ་མེད་པ་འདྲ། སྤྱིར་དེང་དུས་གོས་སོགས་རླུང་ལ་གཡེང་བ། ཆུ་ལ་བཀྲུ་བ་ཡོད་ཀྱང་། དེ་ལྟར་མ་བྱུང་ཚེ་མེ་ལ་བདུག་ནས་ཆོག་པར་བྱེད་པ་སོགས་ལ་བསམ་ན་གདོད་མའི་བོད་མི་རྣམས་ཀྱིས་ས་ཆུ་མེ་རླུང་འབྱུང་བ་བཞི་ལ་དད་མོས་བྱེད་པ་ལས་སྲོལ་འདི་མཆེད་པར་མངོན་ཏེ། གདོད་མའི་བོན་གྱི་ལུགས་སུ་འབྱུང་བ་བཞི་ལ་གནས་པའི་ལྷ་ཡོད་པར་སྨྲ་བ་དང་། སྣོད་བཅུད་ཀྱི་སྐྱེ་དངོས་ཡོད་དོ་ཅོག་འབྱུང་བ་བཞི་ལས་སྐྱེས་ཤིང་མཐར་འབྱུང་བ་བཞི་རང་སར་ཐིམ་པར་བྱ་དགོས་པར་འདོད་པ་འདིས་ཆེས་གདོད་མའི་དུས་ཀྱི་རང་བྱུང་ཁམས་དང་། མིའི་རིགས་ཀྱི་ཐུན་མོང་གི་གདོད་མའི་འདུ་ཤེས་གཉིས་བར་གྱི་འགལ་འདུའི་རང་བཞིན་གསལ་བར་མངོན་ཐུབ་པ་མ་ཟད། འདི་ནི་བོད་མི་རང་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཤིག་ཀྱང་རེད། དེར་བརྟེན་སྨན་རྒྱུད་སོགས་ལས་རླུང་མཁྲིས་བད་ཀན་གསུམ་ག་ས་ཆུ་མེ་རླུང་འབྱུང་བ་བཞིའི་རང་བཞིན་དང་འབྲེལ་ཏེ་བརྟག་པའི་ལུགས་སོགས་མང་དུ་དབྱེ་བའི་སྲོལ་འདི་ཡང་དོན་དམ་པར་འབྱུང་བ་བཞི་དང་མིའི་སྐྱེ་ཕུང་གཉིས་རྟེན་འབྲེལ་ལུགས་འབྱུང་གི་རྒྱུ་མཚན་གྱིས་གཅིག་ཏུ་བསྡུས་པ་དང་། དེ་བཞིན་གཤིན་པོ་དུར་འཇུག་བ་ཚེ་མེ་ལ་སྲེག་པ། ཆུ་ལ་སྐུར་བ། ས་འོག་ཏུ་འཇུག་པ། རླུང་སྟེ་བ་རྒོད་ལ་གཏོར་བ་བཅས་བེམ་པོ་དེ་ཉིད་ངེས་པར་འབྱུང་བ་བཞི་གང་རུང་ལ་ཐིམ་པར་བྱེད་པའང་གནད་འདི་ལ་ཐུག་པར་སྙམ། དེ་ན་གོང་ནས་དྲངས་པ་བཞིན་འབྱུང་བ་བཞི་ལ་ཁྱད་མེད་དུ་དུར་འཇུག་བྱེད་ནའང་། འདི་དག་ལས་ཀྱང་ཆེས་སྔ་བ་ནི་མེ་ལ་སྲེག་པའི་ལུགས་འདི་ཅུང་མངོན་ཆེ་བ་དཔའ་བོ་གཙུག་ལག་ཕྲེང་བས་“སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་པ་ན།། རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད།། ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས།། ཁྲི་བདུན་བང་སོ་གནམ་ལ་བཏབ་ཅེས་གྲགས།།”①ཞེས་བོད་བཙན་པོའི་ཐོག་མ་རྣམས་ཀྱི་བེམ་པོ་མེ་ལ་སྲེག་པའི་སྲོལ་བྱུང་བ་སུ་ལའང་རྩོད་མེད་དང་། དེ་བཞིན་ཆེས་སྔ་བའི་གནའ་ཤུལ་བང་སོ་དག་ན་བེམ་པོ་མེ་ལ་སྲེག་པའི་སོལ་བ་སོགས་མཐོང་ཡུལ་དུ་ཡོད་པ་སོགས་ལ་བསམས་ན་མེ་ནི་ཆེས་གདོད་མ་ནས་ཧ་ཅང་གཙིགས་ཆེན་བྱེད་པ་མཐོང་ཐུབ་ལ། དེ་ནས་བོད་མི་རྣམས་ཀྱིས་ཆེས་སྔ་མོ་ནས་འབྱུང་བ་བཞིའི་ནང་གི་མེ་ལ་དད་པའི་རྣམ་པ་ཞིག་བྱུང་ཡོད་པའང་མཐོང་ཐུབ།

          “གནའ་བོའི་ཀི་རུ་སིའི་ལྷ་སྒྲུང་དུ་ཕོ་ལོ་མེ་ཞི་སི་འབོད་པས་མི་ཞིག་གིས་མེ་ཐོག་མར་ལྷ་ཡུལ་ནས་བརྐུས་འོང་བར་བཤད་པ་དང་། རང་རྒྱལ་མན་ཇུ་རིགས་ཀྱི་ལྷ་སྒྲུང་དུའང་ཨ་ཐོ་ཞེས་པའི་དཔའ་རྒོད་ཅིག་གིས་ལྷ་ཡུལ་ནས་མེ་ཁྱེར་འོང་བའི་བཤད་རྒྱུན་ཡོད།”①གཞན་ཡང་བོད་ཀྱི་དམངས་ཁྲོད་དུ། བྱ་དེ་ཕོ་ལྷ་ཡུལ་ལ་མེ་སློང་དུ་སོང་ཚུལ་སོགས་མང་། སྤྱིར་བེམ་པོ་མེ་ལ་སྲེག་པ་དེ་བསང་བྱ་བའི་གོ་དོན་དང་འབྲེལ་དཀའ་ཡང་། དེང་དུས་དུར་ས་གསར་དུ་འཚོལ་བ་ལ་ངག་རྒྱུན་དུ“རི་ཡག་ས” “ས་གཙང་ས”སོགས་གཙང་བྱ་བའི་ཐ་སྙད་འདི་དང་མ་བྲལ་བ་ལ་བསམས་ན་མེ་སོགས་འབྱུང་བ་བཞིའི་རང་སྟེང་ན་བསངས་སམ་གཙང་བྱ་བའི་རང་བཞིན་འདི་ཤུགས་ནས་ཡོད་པར་འདོད་པ་གོ་ནུས་པ་དང་། དེ་བཞིན་དབྱིན་ཇིའི་མཁས་པ་ཧྥེ་ལེ་ཙིས་‘ ‘མེ་ཕུང' གིས་ནད་དང་འཆི་བ། སྣོད་བཅུད་མཐའ་དག་ལ་འཚེ་བའི་གནོད་པ་སྲེག་ཅིང་ཞི་བར་བྱས་ཏེ། མི་དང་དུད་འགྲོ་ལོ་ཏོག་བཅས་གཙང་བར་བྱེད་པ་ཡིན”②ཞེས་པས་འཐུས། དེ་ན་བེམ་པོ་དེ་མེ་ལ་སྲེག་པས་རོའི་སྟེང་གི་བཙོག་གྲིབ་དང་དྲི་མ་ཡོད་ཚད་བསངས་ཐུབ་པ་རིག་པས་གྲུབ་ཅིང་། ལྷ་གསོལ་བསངས་མཆོད་བྱེད་པའི་སྲོལ་འདི་ཡང་མེའི་རང་བཞིན་གཙང་མ་ཡིན་པའི་རྒྱུ་མཚན་གྱི་རྨང་གཞིའི་སྟེང་རིམ་གྱིས་ཁྱབ་རྒྱ་ཆེ་བ་དང་འཕེལ་རྒྱས་ཆེས་ཆེར་བྱུང་བ་དང་། དེ་དུས་ཀྱི་མི་རྣམས་ཀྱིས་མེ་ལ་དད་པ་བྱུང་བའང་སྙམ།

གཉིས། བསང་གི་འབྱུང་ཁུངས།

         1.བསང་གཏོང་སྲོལ་བྱུང་ཚུལ།

          སྤྱིར་བསང་ཞེས་པ་ནི་གཙང་གི་དོན་ཡིན་པས། བསང་ཕུལ་ཞེས་པ་ནི་གཙང་ཕུལ་བ་སྟེ། མི་གཙང་བའི་མནོལ་གྲིབ་ཐམས་ཅད་བསང་བར་བྱེད་པའི་ཆོ་ག་ཞིག་ལ་ཟེར་ཞིང་། འདིའི་ཐོག་མའི་ཁུངས་ཐད་ལ་འཇིག་རྟེན་དང་འབྲེལ་བའི་བཤད་ཚུལ་ཞིག་དང་། ཆོས་ལུགས་དང་འབྲེལ་བའི་བཤད་རྒྱུན་ཚུལ་གཉིས་མཆིས་ཏེ།

          འཇིག་རྟེན་དང་འབྲེལ་བའི་བཤད་ཚུལ་ནི། བོད་གཙོས། རྒྱ་ནག་དང་། ཁ་ཆེ་མི་རིགས་གང་ལ་མཚོན་ནའང་རི་འགོ་མཐོན་པོའི་སྟེང་ནས་དུ་བ་གཏོང་བའི་སྲོལ་ཀ་དེ་གདོད་མ་གློག་ཆས་ཡོ་བྱད་མེད་པའི་དུས་སྐབས་སུ། ཚོགས་པའམ་ཐུན་མོང་རང་བཞིན་གྱིས་ཕན་ཚུན་རི་མཐོན་པོའི་མགོ་ནས་དུ་བ་བཏང་སྟེ། གསང་བརྡ་སྤྲོད་བྱེད་ཀྱི་བརྡ་ཐབས་ཁྱད་པར་བ་ཞིག་ལགས་པས་དེ་ཐོག་མར་དམག་འཁྲུག་ཏུ་སྤྱོད་ལ། ཕྱིས་སུ་བོད་རང་ལ་མཚོན་ན་རིམ་བཞིན་ཆོས་ལུགས་ཀྱི་ཚོག་ཞིག་ཏུ་གྱུར་བའོ།།

          ཆོས་ལུགས་དང་འབྲེལ་བའི་བཤད་ཚུལ་ནི། བོད་དུ་བསང་མཆོད་བྱུང་བའི་ཐོག་མའི་ཁུངས་བསྟན་པ་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མས“མདོ་རྒྱུད་རྒྱ་གཞུང་རྣམས་སུ་བསངས་ཀྱི་ཆོ་གའི་ཐ་སྙད་དངོས་སུ་བཤད་པ་མ་མཐོང་ཡང་། དོན་ཐོབ་ལ་བསངས་ཀྱི་ཁུངས་སུ་འགྲོ་བ་གསང་འདུས་རྩ་རྒྱུད་ལས། དྲི་ལ་རྣམ་གསུམ་ཤེས་བྱས་ནས། ཞེས་པ་ལྟ་བུ་མང་ལ། ཁྱད་པར་དུ་མ་གྷ་ཏ་བཟང་མོའི་རྟོགས་བརྗོད་དུ། བཟང་མོས་སངས་རྒྱས་མཆོད་པའི་ཆེད་དུ་མཐའ་འཁོབ་ཀྱི་ཡུལ་བུ་རམ་ཤིང་འཕེལ་དུ། རང་གི་ཁང་པའི་ཡང་ཐོག་ནས་བསངས་ཀྱི་དུད་སྤྲིན་གཏུལ་བ། བཅོམ་ལྡན་འདས་མཉན་ཡོད་དུ་བཞུགས་པའི་སྤྱན་སྔར་མཆོད་པའི་སྤྲིན་གྱི་ཕུང་བོར་འཁྲིགས་པའི་ལོ་རྒྱུས་མདོ་ལས་གསུངས་པ་དེ་ཉིད་བསངས་ཀྱི་ཁུངས་སུ་འགྲོ་བར་སེམས་སོ།”①ཞེས་བསངས་ཀྱི་ཁུངས་དེ་ཐོག་མར་ཡུལ་དབུས་རྒྱ་གར་དུ་གཏུགས་ཡོད་ཅིང་། དེ་བཞིན་བོད་ཡུལ་དུ་ཇི་ལྟར་དར་བའི་སྐོར་ནས་རྒྱལ་དབང་ལྔ་བ་ཆེན་མོ་དང་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུངས་དྲངས་ཡོད་པའི་ཚུལ་ནི། “རྒྱལ་དབང་ལྔ་བ་ཆེན་མོས། ‘གངས་རིའི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོའི།། ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསངས།། ཞང་ཞུང་གཤེན་རབ་མེས་པོའི་རྗེས་འབྲངས་པའི།། གཡུང་དྲུང་བོན་གྱིས་སྲོལ་བཏོད་ཐོག་མར་དར།། ཟན་ཡང་ཆོས་འཁོར་བཞེངས་པའི་སྔོན་འགྲོའི་སྒོར།། སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གིས།། ལྷ་སྲིན་སྡེ་བརྒྱད་དམ་བཏགས་བསངས་མཆོད་དང་།། རང་རང་དགྱེས་བསྐྱེད་མཐུན་པའི་རྫས་ཀྱིས་བརྔན་ཞེས་དང་།།'པཎ་ཆེན་ཐམས་ཅད་མཁྱེན་པས། ‘སློབ་དཔོན་པདྨ་འབྱུང་གནས་ཀྱི།། ཐུགས་རྗེས་རྒྱ་མཚོ་ཆེར་གཡོས་ཏེ།། བསངས་མཆོད་བསམ་འཕེལ་ཨིནྡྲི་རྙིལ།། མངོན་ཕྱུངས་རྒྱལ་མཚན་རྩེར་མཆོད་པས།། ཕུན་ཚོགས་འདོད་དགུའི་གྲུ་ཆར་ཕབ།། སྐལ་བ་ངན་པ་ཐམས་ཅད་བསལ།།' ”②ཞེས་གསུངས་པ་ལྟར་བསང་ཕུད་པ་དེ་ཐོག་མར་གཡུང་དྲུང་བོན་ལ་དར། སློབ་དཔོན་ཆེན་པོས་བསམ་ཡས་ཆོས་འཁོར་བཞེངས་པའི་སྔོན་འགྲོ་དང་། བོད་འབངས་རྣམས་ཀྱི་ཉེར་འཚེའི་རྒུད་པ་ཞི་ཞིང་། ཕན་བདེ་ལེགས་ཚོགས་འཕེལ་བའི་ཐབས་སུ་བསངས་ཀྱི་ཆོ་ག་མང་དུ་མཛད། རང་ཕྱོགས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོའི་དུས་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོས་བསངས་ཆོག་རྣམ་དག་ཆོས་སྐུ་མར་གྲགས་པ་མཛད་ནས་ཅུང་ཟད་དར་བ། ཕྱིས་སུ་པཎ་ཆེན་ཐམས་ཅད་མཁྱེན་པས་བསངས་ཆོག་རྒྱས་འབྲིང་དང་། རྒྱལ་དབང་ལྔ་པས་བཀྲ་ཤིས་འཁྱི་ལ་བ་སོགས་མཛད་པ་ནས་ས་དར་རྡོ་དར་དུ་གྱུར། དེའི་རྐྱེན་གྱིས་བོན་བསྣུབས་པ་དང་མཉམ་དུ་བཙན་གསོལ་གཉན་གསོལ་གྱི་གོམས་སྲོལ་ཉམས་ན་ཡང་། ལྷ་གསོལ་བསང་གཏོང་གི་གོམས་སྲོལ་མུ་མཐུད་དུ་དར་རྒྱས་བྱུང་བ་རེད། ལྷ་གསོལ་བསང་གཏོང་གི་འདོད་སྨོན་དེའང་སྔོན་ཆད་ཚེ་རིང་ནད་མེད་དང་། དབང་ཐང་རླུང་རྟ་སྐྱེད་པ།  མི་དང་མི་མ་ཡིན་གྱི་དགྲ་བགེགས་ལས་རྣམ་པར་རྒྱལ་བ་སོགས་ཚེ་འདིར་འདོད་དོན་ཤེས་ཆེར་དམིགས་པ་དེ་རིམ་བཞིན་ཆོས་མཐུན་གྱི་ཆ་རྐྱེན་འཕེལ་ཞིང་འགལ་རྐྱེན་ཞི་བ་སོགས་བདེ་དོན་གཉེར་བའི་ཕྱོགས་སུ་དམིགས་ཤུགས་ཇེ་ཆེར་གྱུར། ཡིན་ནའང་ལྷ་གསོལ་བསང་གཏོང་དང་། དར་འཛུགས་གནས་བསྐོར་སོགས་ཀྱི་བྱེད་སྒོའི་རྣམ་པ་ནི་ད་རུང་གནའ་བོའི་ལུགས་ལྟར་སྤྱོད་པ་ལགས།

           2.བསང་གཏོང་ཡུལ་གྱི་ལྷ་བྱུང་ཚུལ།

          《སྲིད་པའི་མཛོད་ཕུག》ནང་འཁོད་པའི་འཇིག་རྟེན་ཆགས་ཚུལ་གྱི་སྐོར་ལས“རླུང་མེ་ཆུ་ས་འབྱུང་བ་ལྔའི་བཅུད་ལས།། འོད་སྒོང་མུན་སྒོང་གཉིས་སུ་བྱུང་སྟེ།། དེ་ཡང་རྒྱུ་ལྔ་དྭངས་མའི་བཅུད་ལས།། ལྷའི་སྨོན་ལམ་གྱིས་རྐྱེན་བྱས་ཏེ།། འོད་ཀྱི་སྒོ་ང་ལོགས་བཞི་ཟུར་བརྒྱད་གཡག་མ་གྲུས་ཙམ་ཞིག་སྲིད་དོ།། སྙིགས་མའི་བཅུད་ལས་མེད་འབུམ་ནག་པོའི་སྨོན་ལམ་གྱིས་རྐྱེན་བྱས་ཏེ།། མུན་པའི་སྒོ་ང་ཟུར་གསུམ་གླང་ཤད་ཉལ་བ་ཙམ་ཞིག་བྱུང་ངོ།། ......སྣང་མུན་དེ་གཉིས་ནི་ལས་དགེ་སྡིག་གི་ཕ་མ་ཞེས་ཀྱང་བྱ།། ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་ཅིག་པའི་བདུད་ཅེས་ཀྱང་བྱའོ།།”①ཞེས་པ་ལས། ང་ཚོས་ཤེས་པ་ནི་སྣང་མུན་གྱི་ཡབ་ཡུམ་རྣམས་དང་ཁོང་ཚོའི་སྲས་སྲོས་རྣམས་ནི་བོན་གྱི་ལྷ་གཙོ་གྲས་རྣམས་ཀྱི་འབྱུང་ཁུངས་ཡིན་ལ། སྒོ་ང་ནི་ལྷ་དང་བདུད་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་སུ་འདོད་པའི་ལྟ་ཚུལ་ནི་བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་རེད། འདི་བོད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་ཐད་ནས་རྒྱུ་གཉིས་ལས་གྲུབ་པར་འདོད་པའི་ལྟ་བའི་ཐོག་ནས་ཐོག་མར་མངོན་པ་རེད།

          བོན་ལུགས་ཀྱི་སྲོལ་རྒྱུན་ལྟར་ན། ལྷ་ཡུལ་བཞི་ཡོད་པར་འདོད་པ་དེ་ལ་གནས་རིགས་ཆེན་པོ་བཞི་ཡང་ཟེར། ད་དུང་སྲིད་པ་ཆགས་སྐབས་ཀྱི་ནམ་མཁའ་ཡིས་གལ་ཆེའི་ནུས་པ་བཏོན་ཡོད་པར་ངོས་འཛིན་ལ། ནམ་མཁའ་ཉིད་ཀྱང་སྐྱེ་བོའི་རྣམ་པར་བསྐྲུན་ནས་མིང་དུ་ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ཞེས་འབོད། འགྲོ་བ་མི་ནི་ཐོག་མ་སྐྱེ་སྐབས་ནས་བཟུང་ལྷ་རྣམས་དང་འབྲེལ་ནས་ཡོད་ནའང་། མིས་ལྷ་ལ་གནོད་བྱེད་མི་ཉན་པ་མ་ཟད་གདོན་འདྲེར་ཡང་གནོད་འཚེ་བ་མི་རུང་ལ། རང་སྟོབས་མངོན་པའམ་ཕ་རོལ་དགྲ་བོ་ལས་རྣམ་པར་རྒྱལ་བར་བྱ་སྐབས་ལྷ་རྣམས་ཀྱི་དཔུང་རོགས་ལ་བརྟེན་པ་ཡིན། མི་རྣམས་ནི་ཐོག་མ་ལྷ་ལས་མཆེད་པ་དང་མི་དང་ལྷ་བར་འབྲེལ་བ་དམ་ཟབ་ཅིག་ཡོད་ལ། གལ་སྲིད་བདུད་ཀྱིས་མི་རྣམས་ལ་གནོད་བས་ན་མིས་ལྷའི་སྡོང་གྲོགས་བཙལ་བ་ནི་རང་བཞིན་ཡིན་ལ། ལྷས་མི་སྐྱོབ་པ་ནི་ལྷ་མི་གཉིས་བདུད་ལས་རྣམ་པ་ཀུན་ཏུ་རྒྱལ་དགོས་པའི་དོན་གྱི་ཡིན། ལྷ་བདུད་ཕན་ཚུན་མཐུན་ཐབས་གཏན་ནས་མེད་པས། མི་ནི་སྟོབས་ཤུགས་དེ་གཉིས་ཟུང་དུ་འཇུག་ཕྱིར་སྐྱེས་པ་དང་། ལྷ་བདུད་གཉིས་རྩོད་པའི་གཞི་རུ་ཡང་གྱུར་བའོ། བོན་གྱི་ལྷ་ཚོགས་སུ་གཙོ་བོར་ཞི་ལྷ་བདེ་གཤེགས་གཙོ་བཞི་དང་དྲག་ལྷ་གསས་མཁར་མཆོག་ལྔ། བཀའ་སྐྱོང་མ་བདུད་བཙན་གསུམ་སོགས་མང་པོ་ཡོད་དོ།།  

          《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》ལས“བསངས་ཕུལ་ཏེ། བསྭོ་བསྭོ་བསྭོ། བསང་ངོ་ལྷ་བསང་ངོ་། གཤེན་ལྷ་འོད་དཀར་བསང་། ཕུགས་ཀྱི་ལྷ་བསང་། གཞི་ལ་ཁ་འཛིན་གྱིས། སྒྲ་ཡི་བླ་བསང་། བྱེས་ལ་ལམ་ཡག་གྱིས། ཞང་གི་བླ་བསང་། རྒས་པོ་ཚེ་རིང་གྱིས། ཕྱྭ་ཡི་བླ་བསང་། མནོལ་གྲིབ་རྨུ་ཞ་ཕུད། རླུང་གི་བླ་བསང་། རླུང་རྟ་དར་ཁ་སྟོན། འཕྲག་གི་བླ་བསང་། ན་ཚ་ཞི་བ་གྱིས། སྟེང་གི་བླ་བསང་། ཐུ་ནུས་མེ་ལྕེ་སྦོར། བར་གྱི་གཉན་བསང་། རྒྱལ་བསྲན་ཆམ་ལ་ཕོབ། འོག་གི་ཀླུ་བསང་། ནད་རིམས་གོད་ཁ་ཟློག སྲིད་པའི་ཐོད་དཀར་བསང་། སྐྱབས་དང་སྐྱོབ་མ་གྱིས། ཝེར་མ་ཅང་སེ་བསང་། ལུས་དང་གྲིབ་བཞིན་འགྲོགས།”ཞེས་པ་ལས་བསང་ཕུལ་ཡུལ་གཙོ་བོ་ནི་ལྷ་ཀླུ་གཉན་གསུམ་ཡིན་པ་ཤེས་ཐུབ། དེང་གི་དུས་སུ་ད་དུང་དེ་བཞིན་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་དོ།

          3.བསང་རྫས་བྱུང་ཚུལ།

          གེ་ཁོད་ཀྱིས་རང་གི་སྐྱེས་མ་འབྱུང་ཁུངས་བདུད་ཡིན་པ་ལ་ལྷ་ཞིག་དང་བཤོས་པ་ཞིག་ཡོད་པ་དེ་དམར་གསོད་བྱས་པ་དེ་ལགས། དེ་ཡང་ནམ་ཞིག་ཁོ་མོས་རང་གི་ཁྱོ་བོ་དང་ཕྲུ་གུ་གེ་ཁོད་དབྱུགས་ནས་ངམ་ཞེས་པའི་བདུད་ཁམས་སུ་ཕྱིར་ལོག་བྱས། གེ་ཁོད་ཀྱིས་རང་གི་སྐྱེས་མ་བཀྲོངས་པ་ལས་ཡེ་ཡི་ཁམས་ན་དམེ་གྲིབ་ཆེན་པོ་ཕོག་སྐད། དེས་ན་དམེ་གྲིབ་དང་རྒྱ་མཚོའི་འཇིང་ལས་ཐོན་པའི་དུག་གཉིས་དག་པར་བྱ་ཆེད་དག་གཙང་གི་ཆོ་གའི་སྲོལ་བཏོད།①དག་གཙང་གི་ཆོ་གར་མཁོ་བའི་སྨན་རྩྭ་ལ་སོགས་པའི་དངོས་རྫས་དགོས་པ་དེ་དག་ནི་གནམ་གྱི་དགུ་ཚིགས་སྐྱ་མོ་དང་གནམ་མཚོ་ཕྱུག་མོར་གནས་བཅའ་བའི་ལྷ་མོ་གནམ་ཕྱི་གུང་རྒྱལ་གྱིས་མཁོ་སྤྲོད་བྱས་པ་ཡིན་སྐད།

          གནའ་སྔ་མོའི་དུས་ནས། བོད་མདོ་དབུས་ས་མཐོར་བསང་རྒྱུ་ཤུག་པ་དང་བ་ལུ་མཁན་དཀར་སོགས་སྐྱེ་དངོས་རྩི་ཤིང་གི་རིགས་མང་པོ་ཡོད་པ་དང་། དེ་དག་བོད་གནའ་དུས་ཀྱི་ཕ་མེས་གོང་མ་རྣམས་ཀྱིས་བསང་གི་རྒྱུར་རུང་བ་ཇི་ལྟར་ཤེས་ཞེ་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ། བོད་ཀྱི་ཡུལ་འདི་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པ་ལས། ལྷ་ལ་བསང་གཏོང་སྲོལ་དེ་བོན་ལུགས་གྱི་བྱེད་སྒོར་གཏོགས་པར་བཤད། དེ་ཡང་འབྲེལ་ཡོད་ཡིག་ཚང《གེ་ཁོད་མནོལ་བསང》ལས། “བསང་གི་རྒྱུ་འདི་གང་ནས་བྱུང་།། སྲིད་གསུམ་འདུས་པའི་རྩེ་མོ་ཡང་གོང་ན།། གནང་ཕྱི་གུང་རྒྱལ་བདུད་རྩིའི་ཡུལ།། སྐུ་ལ་བདུད་རྩིའི་ཐུལ་པ་གསོལ།། ཞལ་ནས་བདུད་རྩིའི་ཆར་པ་འབེབས།། ཕྱག་ན་བདུད་རྩིའི་བུམ་པ་བསྣམས།། ལས་སུ་བདུད་རྩིའི་ཐང་ལ་བརྡལ།། ཉོན་མོངས་སྡུག་བསྔལ་འཇོམས་པ་དང་།། གེ་ཁོད་ལྷ་ཞལ་བལྟ་བའི་ཕྱིར།། དབུ་ཡི་སྨིན་མ་ཕད་ཕྱོད་ལ།། ཞལ་གྱི་མཆིལ་མ་ལྗགས་གང་ལ།། ཞལ་ནས་བདེན་པའི་སྨོན་ལམ་བཏབ།། མི་ཡུལ་གླིང་བཞིའི་འཇིག་རྟེན་ན།། ཉོན་མོངས་རྣམ་རྟོག་སྡུག་བསྔལ་མང་།། ནམ་རྟོག་འཇོམས་པའི་རྩི་དང་སྨན།། ལྷ་རྒོད་ཐང་ཤིང་སྐྱེ་བར་ཤོག། གནམ་ནས་ས་ལ་གཏོར་བ་ལས།། དེ་ལ་བསང་གི་རྒྱུ་རུ་བྱུང་།། ཨ་ཀྲོང་དཀར་པོ་གངས་ཀྱི་རྩི།། བདུད་རྩི་སྲོ་ལོ་གཡའ་ཡི་རྩི།། བདུད་རྩི་ཨ་པ་བྲག་གི་རྩི།། སྤྲ་བ་ཐོད་དཀར་སྤང་གི་རྩི།། བ་སྲུ་དཀར་པོ་སྲིབ་ཀྱི་རྩི།། ཙན་དན་སྨུག་པོ་ནགས་ཀྱི་རྩི།། ཞང་ཞུང་སྲིད་པའི་བོན་པོ་ཡིས།། བདུད་རྩི་བསང་ཤིང་ལོ་བྲེགས་ནས།། ཉོན་མོངས་དུག་མཚོན་མེ་ལ་བསྲེགས།། མེ་སྟག་དྲག་པོའི་ཐོག་རྒོད་འཕྲོས།། གདུག་པོའི་དགྲ་བགེགས་ཁོ་ཐག་བཅད།། མེ་ལྕེ་བར་སྣང་ཁམས་སུ་ཁྱབ།། ཉོན་མོངས་རྣམ་རྟོག་མུན་པ་གསལ།། འདགས་ལ་ས་གཞིའི་ཁོངས་སུ་ལྷག། ལྷ་དང་མི་ཡི་ལོངས་སྤྱོད་རྒྱུ།། ཐལ་བ་དུད་ཕྱེ་རླུང་གིས་གཏོར།། དགྲ་བགེགས་ཐལ་བ་བརྡུལ་དུ་རློག། དུད་པ་སྤྲིན་ཕུང་མཁའ་ལ་འཁྲིགས།། ལྷ་གསལ་དབལ་གྱི་ཤངས་ལ་ཐིམས།། དམེ་བ་དག་ལ་མནོལ་བ་བསང་།།”①ཞེས་བརྗོད་པ་ལས་ང་ཚོའི་ཤེས་པ་ནི་ལྷ་མོ་གནམ་ཕྱི་གུང་རྒྱལ་གྱིས་ཁ་ནས་བསིལ་ཆབ་དེ་གནམ་ནས་ས་སྟེང་དུ་གཏོར་རྗེས། གངས་རི་ན་ཨ་ཀྲོང་དང་། རྫ་རིར་སྲོལ་ལོ། བྲག་རི་ན་ཨ་བ། སྤང་ལ་སྤྲ་བ་ཐོད་དཀར། རི་ལྡེབས་སུ་སྤོས་མོ། བྲག་གསེབ་ཏུ་མཁན་པ། ཉིན་དུ་གཡུ་ལྟར་སྔོ་བའི་ཤུག་པ་དང་སྲིབ་ཏུ་བ་ལུ་བཅས་སྐྱེ་བར་སྨོན་པ་བཅས་སོ། ཆོ་ག་དངོས་སུ་སྤེལ་སྐབས་གོང་དུ་བརྗོད་པའི་སྐྱེ་དངོས་དེ་དག་བསྡུ་རུབ་བྱས་རྗེས་དེ་དག་ཆུ་སྐྱོགས་རིང་པོ་ཞིག་གམ་ཡང་ན་ཁང་པའི་ཕྱི་རོལ་དུ་དམིགས་བསལ་གྱིས་བརྩེགས་པའི་སྟེགས་བུ་ཞིག་གི་ཐོག་ཏུ་མེར་བསྲེགས་པ་ཡིན།  

          ཡང《རྒྱགས་བརྔན་ལྷ་བསང》ལས“བསང་གི་རྒྱུ་བྱུང་གང་ནས་བྱུང་།། ཕ་གནམ་ལ་འབྲུག་ཆེན་ལྡར་མ་ལྡིར།། མ་ས་ལ་གློག་ཆེན་གྱ་མ་གྱུ།། བུ་རྟ་རྒོད་གངས་ཀྱི་ཐིག་པ་ཡིན།། རྒྱ་མཚོ་ཆུ་ཡི་ཝུ་བ་ཡིན།། མ་ཕམ་གཡུ་མཚོའི་ཁ་ཞག་ཡིན།། བཟང་དྲུག་སྨན་གྱི་ནུས་པ་ཡིན།། དྲི་ཞིམ་སྤོས་གྱི་ངད་པ་ཡིན།། ཕྱེ་མར་འོ་སྐོལ་གསུམ་གྱིས་མཆོད།། གསེར་ལོ་འབར་བའི་སྟག་པ་དང་།། གཡུ་ལོ་འབར་བའི་ཤུག་པ་དང་།། དུང་ལོ་འབར་བའི་བ་ལུ་དང་།། མཁན་པ་སྤོས་དཀར་ཨ་ཀ་རུ།། ཤིང་བདུད་རྩི་ཅན་གྱི་དུད་པ་དང་།། ཕྱེ་མར་ཟས་ཕུད་གསེར་སྐྱེམས་ཀྱིས།། ལྷ་འདྲེ་ཐམས་ཅད་བསང་བའི་ཕྱིར།།”①ཞེས་འབྱུང་བ་ལས། ཐོག་མར་བསང་གི་རྒྱུ་འདི་གནམ་ནས་བྱུང་བར་བརྗོད་དེ། གནའ་སྐལ་བ་ས་ཆགས་དུས་གནམ་ནས་འབྲུག་གྲགས་པ་དང་ས་ནས་གློག་འཁྱུག་པའི་རང་བྱུང་ཁམས་ཀྱི་སྣང་ཚུལ་འདི་ལས་གནམ་ས་ཁ་སྦྱོར་གྱི་རྟགས་མཚན་ཏེ། གློག་ཞགས་ལམ་ལམ་འཁྱུག་པ་ལས་སྤྲིན་ཆེན་པོ་གཡོས། སྤྲིན་ཆེན་པོ་ལས་ཆར་བྱུང་སྟེ་བརྟན་པ་སྣོད་ཀྱི་འཇིག་རྟེན་ཐོག་གི་སྐྱེ་དངོས་དང་རྩི་ཤིང་ལ་སོགས་པ་བརླན་གྱིས་གཤེར། གནམ་གཤིས་འཁྱག་གྲང་གི་དབང་གིས་བོད་ཡུལ་ས་གཞི་ཐམས་ཅད་གངས་ཀྱིས་བཟུང་། འཛམ་གླིང་སྟོད་གངས་རིན་པོ་ཆེ་ལས་ཟགས་པའི་ཆུའི་ཐིགས་པས་མ་ཕམ་གཡུ་ཡི་མཚོ་མོ་བསྐྱིལ། ཆར་རླུང་དྲོད་གསུམ་ལ་བརྟེན་ནས་གཡའ་སྤང་བྲག་གསུམ་དང་ལུང་བ་ཉིན་སྲིབ་ཀུན་ཏུ་བཟང་པོ་དྲུག་ལྡན་གྱི་སྨན་སྣ་དང་། གསེར་ལོ་འབར་བ་སྟེ་ལོ་མ་སེར་པོ་ཅན་གྱི་ཤིང་སྟག་པ་དང་། གཡུ་ལོ་འབར་བ་སྟེ་འདབ་ལོ་སྔོན་པོ་ཅན་གྱི་ཤིང་ཤུག་པ། དུང་ལོ་འབར་བ་སྟེ་སྲིབ་ཕྱོགས་ནས་སྐྱེ་བའི་ལོ་མ་དཀར་བོ་ཅན་གྱི་བ་ལུ། དེ་བཞིན་མཁན་པ་དང་། སྤོས་དཀར། ཨ་ཀ་རུ་སོགས་སྐྱེས། དེ་རྣམས་མེར་བསྲེགས་པ་ལས་བྱུང་བའི་དུད་པ་དང་། ཕྱེ་མར་ཟས་ཕུད། བདུད་རྩི་གསེར་སྐྱེམས་བཅས་ཀྱིས་ལྷ་དང་འདྲེ་རྣམས་བསང་བར་བྱེད་པ་ཡིན་ཞེས་སོ།།

          དེར་བརྟེན་བསང་རྫས་ལ་ཙན་དན་དཀར་དམར་དང་། ཨ་གར་སྐྱ་སྨུག སྟག་པ། དུ་རུ་ཀ འོམ་བུ། སྦ་སྨྱུག་སོགས་དྲི་ཞིམ་པའི་ཤིང་སྣའི་རིགས་ཅི་འཛོམ་དང་། གླ་རྩི་དུག་རིགས། ཤིང་ཀུན་སོགས་དྲི་མི་ཞིམ་པའི་རིགས་སྤངས་པའི་བཟང་དྲུག སྤོས་དཀར། མ་ནུ། སི་ལ། ཆུ་སྲིན་སྡེར་མོ། སྤང་སྤོས་སོགས་སྨན་སྣའི་རིགས་དང་། རིན་ཆེན་སྣ་ལྔ། གོས་སྣ། དར་སྣ། འབྲུ་སྣ་རྣམས་དང་། ཤ་ཆང་སྒོག་བཙོང་སོགས་མ་འདྲེས་པའི་ཟས་སྣ། དཀར་གསུམ། མངར་གསུམ། ཕར་མར་སོགས་བསངས་རྫས་ཅི་འབྱོར་རྣམས་སོ་སོའམ་གཞི་བྱེས་ཀུན་ཏུ་འཇུག་པ་བདེ་བར་འདོད་ན་ཐམས་ཅད་ལྷན་ཅིག་ཏུ་བསྲེས་ཏེ་ཕྱེ་མ་བྱས་པས་ཀྱང་རུང་ལ། བསངས་སྟེགས་མཐོན་པོ་མི་ཁྱི་སོགས་མི་འགོམ་པ་བྱ་ཞིང་། རྒྱུན་འཁྱེར་ལྟ་བུ་ལ་སྤོས་ཕོར་ཆེན་པོས་ཀྱང་རུང་ལ། མེ་ཡང་རྡོ་སོལ་གྱི་མེ་མི་རུང་ཞིང་། བ་ལྕི་དང་ཤིང་སོལ་སོགས་ཀྱི་མེ་གཙང་མ་སྟ་གོན་བྱ་དགོས། དེང་སང་བསངས་ཀྱི་ལག་ལེན་བྱེད་པ་དར་ཆེ་ཡང་། ཕལ་ཆེར་གྱིས་བསངས་རྫས་རྣམས་འབད་རྩོལ་མི་པྱེད་པར། ཡུལ་ལུགས་དང་སྒོ་བསྟུན་ནས། ཤིང་གང་བྱུང་གི་དུ་བ་གཏུལ་བ་ལ་ཕྱེ་མར་ཅུང་ཟད་རེ་བཏབ་པས་ཆོག་པར་བྱེད་པ་སྣང་མོད། དེ་ལ་མཆོག་དམན་གྱི་མགྲོན་དགྱེས་པ་བསྐྱེད་པ་དང་། དེའི་མཐུས་རང་གི་འདོད་དོན་འགྲུབ་པ་སོགས་ཀྱི་ཕན་ཡོན་ཇི་བཞིན་འབྱུང་བ་དཀའ། བསངས་རྒྱུར་རུང་བ་ཤིང་སྣ་གང་དག་དང་། མི་རུང་བ་གང་དག བསངས་ཀྱི་འཛེམ་བ་དང་ཉེས་པ་གང་ཡིན་སྐོར་གསལ་པོར་ཤེས་དགོས། དེང་སང་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་རྣམས་ལ་དཀར་མཆོད་ཀྱི་འདོད་ཡོན་བྱེ་བྲག་ཞོ་དང་འོ་མ། ཀ་ར་དང་སིལ་ཏོག ཕྱེ་དང་རྩམ་པ། མེ་ཏོག་དང་བདུག་སྤོས། ཇ་ཕུད་དང་ཆང་ཕུད། དེ་བཞིན་ལྷ་ཤིང་ཤུག་པ་དང་བ་ལུ་མཁན་དཀར་སོགས་ཀྱིས་མཆོད་པ་དང་། འཇིག་རྟེན་གྱི་ལྷ་མཐོ་བོ་ཆེ་ནག་ཕྱོགས་པའི་རིགས་རྣམས་ལ་མིའི་ཤ་ཁྲག་དང་། ར་ལུག་བྱ་སོགས་ཀྱིས་མཆོད་སྲོལ་ཞིག་ཀྱང་ཡོད། བསངས་རྫས་འདི་དག་ཀྱང་རང་གང་འདོད་ཅི་འདོད་ལྟར་མེར་བསྲེག་རྒྱུ་ཞིག་མ་ཡིན་པར་སྔགས་དང་ཏིང་ངེ་འཛིན་སོགས་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་འབུལ་དགོས་པའོ།།

          4.བསང་ཤིང་བྱུང་ཚུལ།

          གོང་གི་བསང་རྫས་དེ་དག་ལས་བསང་ཤིང་ནི། ཐུའུ་བཀྭན་ཆོས་ཀྱི་ཉི་མས“གཏེར་མའི་བསངས་ཀྱི་ཆོག་བསྒྲིག་རྣམས་སུ། མཁན་པ། ཤུག་པ། བ་ལུ་གསུམ་བཤད་ནས། འཆི་བ་མེད་པའི་ཡོན་ཏན་བདུད་རྩིའི་ཤིང་།། དྲི་ཞིམ་སྤོས་ངད་དུད་སྤྲིན་ནམ་མཁའ་འཁྲིགས།། ལྷ་འདྲེ་མི་གསུམ་རྨུགས་ཤིང་འཐིབ་པ་སེལ།། འོད་གསལ་མེ་ལྕེའི་འོད་ཟེར་འཕྲེང་བར་འཕྲོ།། མ་རིག་རྨོངས་པའི་མུན་ནག་ཐམས་ཅད་སེལ།། མེ་སྟག་ཚ་ཞིང་བསྲེག་པའི་ངར་ལྡན་པས།། མནོལ་ཆག་མི་གཙང་ལྗན་ལྗིན་སྲེག་པར་བྱེད།། དེ་ལྟར་ཡོན་ཏན་ཁྱད་འཕགས་ཤིང་གསུམ་འདི།། ཞེས་དེ་གསུམ་བསྲེག་པའི་མེ་དང་དུ་བས་ཉེས་སྐྱོན་མང་པོ་སེལ་བར་བྱེད་དོ། དེས་ན་གནས་ཆེན་ཁྱད་པར་ཅན་དུ་འཁྲུངས་པའམ། མིན་ཀྱང་ས་ཕྱོགས་གཙང་མར་སྐྱེས་པའི་ཤུག་པ། མཁན་པ། བ་ལུ་རྣམས་བསངས་ཤིང་གི་གཙོ་བོ་ཡིན་པས་ཅི་མང་བསགས། དེ་ཡང་ལོ་མ་དང་མེ་ཏོག་རྒྱས་པའི་དུས་སུ་བཏུས་པ། མི་ཁྱི་སོགས་ཀྱིས་འགོམ་ཡུག་མ་སོང་ཞིང་མི་གཙང་བའི་རིགས་ཀྱིས་མ་སྦགས་པ། འབུ་སྲིན་སོགས་མེད་པའི་གཙང་ཁྱད་ཐོན་པ་གལ་ཆེ”①ཞེས་གསུངས་སོ། དེས་ནས་བསང་ཤིང་ནི་གཙོ་བོ་ས་ཕྱོགས་གཙང་མ་ནས་སྐྱེས་པའི་ཉེས་སྐྱོན་མང་པོ་སེལ་ཐུབ་པའི་ཤུག་པ་དང་། མཁན་པ། བ་ལུ་རྣམས་ཀྱིས་བྱེད་པ་དང་། དེ་བཏུས་དུས་ད་དུང་འཛེམ་བྱ་མང་པོ་ཡོད་པ་རྟོགས་ཐུབ། འདིར་ཐོག་མར་བོད་གངས་ཅན་ཡུལ་དུ་བསང་ཤིང་ཇི་ལྟར་དར་ཚུལ་སྐོར་གསལ་བོར་ཤེས་པའོ།།

          5.བསང་གཏོང་བའི་དུས་དང་གནས།

          བསངས་གཏོང་བའི་དུས་དང་གནས་ནི། ཐུའུ་བཀྭན་ཆོས་ཀྱི་ཉི་མས“གཟའ་སྐར་ཚེས་གྲངས་བཟང་པོའམ་རྒྱུན་བསངས་ལྟ་བུ་དུས་ངེས་མེད་དུ་བཏང་ཡང་ཆོག་ལ། གནས་ནི་ལྷ་ཀླུ་ཁྱད་པར་ཅན་གནས་པའི་སའམ། ལྷ་རྟེན་ལ་སོགས་པའི་གམ་དུའམ། མིན་ཀྱང་བླ་གབ་མེད་པའི་ས་ཕྱོགས་གཙང་ཞིང་ཡིད་དུ་འོང་བ་འབུ་སྲིན་སོགས་འཚིག་པའི་ཉེས་མེད་པའི་གནས་དང་། རང་གི་ཁང་པའི་ཡང་ཐོག་ལྟ་བུ་གཡེར་ཆེ་བའི་གནས་སུ་བཏང་ན་ལེགས་སོ།”②ཞེས་གསུངས་པ་ལས་བསང་གཏོང་དུས་ཡང་ག་ས་གང་དུ་གཏོང་མི་ཆོག་ལ། སྐལ་བ་བཟང་བའི་དུས་དང་འབའ་འབུ་སོགས་མི་གནོད་པའི་གནས་སུ་གཏོང་དགོས་པ་ལས། ཆོས་ལུགས་ཀྱི་སྙིང་རྗེ་གཙོ་བས་པའི་བྱམས་སེམས་ཀྱང་མཚོན་པའོ།།

          གཉིས་པ། བསང་གཏོང་བའི་དགེ་མཚན།

          ལྷ་གསོལ་བསང་གཏོང་གི་བྱེད་སྒོ་དེས་བོད་ཀྱི་ལོ་རྒྱུས་སྟེང་ནས་གལ་ཆེའི་གནས་བབ་བཟུང་ཡོད་དེ། དཔེར་ན། གནའ་བོའི་སྐུ་བོན་གྱིས་ལྷ་གསོལ་ཞིང་འདྲེ་བཏུལ་ནས་བཙན་པོའི་སྐུའི་རིམ་གྲོ་དང་ཆབ་སྲིད་དར་བར་བགེགས་རྐྱེན་བསལ། དམག་དོན་གྱི་བྱ་གཞག་ཁྲོད་ལྷ་གསོལ་འཕྲིན་བཅོལ་གྱི་བྱེད་སྒོ་སྤེལ་ནས་རྒྱལ་ཕམ་གྱི་དབྱེ་བ་བརྩད། ལྷ་འདྲེ་མི་ཁོག་ཏུ་བརླམས་པར་གསོལ་མཆོད་ལུང་བསྟན་ཞུས་ནས་བླང་དོར་གྱི་བགྲོད་ལམ་བསྟན་པ་སོགས་བྱས་པ་རྣམས་སྲིད་ཕྱོགས་ལ་མཁོ་གལ་ཆེ་བས་དམངས་ཁྲོད་དུ་དར་ཁྱབ་ཆེ་ལ། བོད་ཀྱི་གནས་སྐོར་ལ་གངས་སྐོར་དང་མཚོ་སྐོར། གནས་སྐོར་བཅས་ཀྱི་དབྱེ་བ་ཡོད་པ་དང་། གངས་སྐོར་ནི་རྟ་ལོར་བྱེད་པ་དང་། མཚོ་སྐོར་ནི་ལུག་ལོ། གནས་སྐོར་ནི་སྤྲེལ་ལོར་བྱེད་པ་བཅས་ཀྱི་ཁྱད་པར་ཡོད། ད་དུང་རི་ཆུ་གསོལ་བའམ། རི་བསང་ཆུ་བསང་གཏོང་བ། དགྲ་ལྷའི་སྤྱི་བསང་བསྐོར་བ། ཐབ་ལྷ་མེ་ལྷ་གསོལ་བ་སོགས་ཀྱི་སྲོལ་ཡང་ཡོད་པས། བོད་རིགས་ལ་མཚོན་ན་ལྷ་གསོལ་བསང་གསོལ་གྱི་རིག་གནས་དེ་ནི་ལོ་རྒྱུས་ཐོག་ནས་མ་ཟད་ད་ལྟའི་འཚོ་བའི་ནང་དུའང་མེད་དུ་མི་རུང་བ་ཞིག་རེད།  

          དེར་བརྟེན་རིག་གནས་ཀྱི་སྣང་ཚུལ་གང་ཞིག་ཡིན་ཡང་དེ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་གང་རུང་གི་འོག་ཏུ་བྱུང་བ་ཞིག་ཡིན་པས། བོད་དུ་བསང་གཏོང་སྲོལ་བྱུང་བ་དེ་ལའང་མི་སྒེར་དང་སྤྱི་ཚོགས་ཀྱི་ཕན་ནུས་ངེས་ཅན་ཞིག་ལྡན་པར་སྙམ་སྟེ།།

          གཅིག ནང་གི་དགེ་མཚན།  

          བསང་གཏོང་བ་དེ་ནི་རང་ཉིད་ཀྱི་འཇིག་རྟེན་གྱི་སྐྱིད་སྡུག་ལེགས་ཉེས་རྐྱང་རྐྱང་སྒྲུབ་པའི་ཕྱིར་དུ་ལྷ་ལ་སྐྱབས་བཅོལ་བ་ཙམ་ཞིག་མ་ཡིན་པར། དེའི་ཕྱག་ཏུ་མི་བུའི་སེམས་ཁམས་ལ་བདེ་བ་འཐོབ་བྱེད་ཀྱི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་ཀྱང་ཡིབ་ནས་བསྡད་ཡོད་པ་རེད།

          1.མགྲོན་ཚན་དག་གི་དངོས་གྲུབ་དང་མགོན་སྐྱབས།

          བསང་མཆོད་ལ་མཚོན་ན། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་མགྲོན་ཚན་དང་པོ་དང་། དཔའ་བོ་མཁའ་འགྲོ་རྣམས་མགྲོན་ཚན་གཉིས་པ། ཆོས་སྐྱོང་སྲུང་མ་རྣམས་མགྲོན་ཚན་གསུམ་པ། ཡུལ་ལྷ་གཞི་བདག་དང་གནས་བདག་གཏེར་བདག་རྣམས་མགྲོན་ཚན་བཞི་པ་བཅས་སྤྱིའི་ཆ་ནས་སྡེ་ཚན་བཞིར་དབྱེ་སྟེ་མཆོད་པ་གཏོང་བ་ནི་ཐུན་མོང་སྤྱིའི་འགྲོ་ལུགས་ཡིན་པར་བཤད་ཆོག་ཅིང་། ཚ་གསུར་བསྔོ་སྐབས་མ་གཏོགས་གདོན་བགེགས་དང་རིགས་དྲུག་ལན་ཆགས་ཡི་དྭགས་འབྱུང་བོ་རྣམས་ལ་སྤྱིར་བཏང་བསང་མི་བསྔོ་བར་སྣང་། མགྲོན་དང་པོས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཅིང་ཐུགས་རྗེས་སྐྱོང་བ་དང་། མགྲོན་གཉིས་པས་ཕན་པ་བསྒྲུབ་ཅིང་བར་ཆད་སྲུང་བ། མགྲོན་གསུམ་པས་གཞན་དོན་འགྲུབ་ཅིང་ཐེག་ཆེན་པར་འགྱུར་བ། མགྲོན་བཞི་པས་ཤ་འཁོན་ཞི་ཞིང་ཕྱིན་ཆད་གནོད་པ་མི་བྱེད་པའི་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་འབྲེལ་ཡོད་ཡིག་ཆ་ལས་གསུངས་སོ།།

          མགྲོན་ཚན་འདི་རྣམས་ལ་མཆོད་དགོས་པའི་རྒྱུ་མཚན་ནམ་ཕན་ཡོན་གང་ཡིན་ཞེ་ན། བསང་མཆོད་ཀྱི་ཡིག་ཆ་དག་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་སྩོལ་བའི་ཕྱིར་དུ་བླ་མ་ཡི་དམ་དང་། བར་ཆད་སེལ་བའི་ཕྱིར་དུ་མཁའ་འགྲོ་ཆོས་སྐྱོང་དང་། སྨོན་ལམ་བཟང་པོ་གདབ་པའི་ཕྱིར་དུ་དགེ་སློང་དྲང་སྲོང་། འབྱོར་བ་རྒྱས་པའི་ཕྱིར་དུ་ནོར་ལྷ་ལྷན་སྐྱེས་རྣམས་ལ་འབུལ་བ་ཡིན་ཞེས་སོགས་ལས། མགྲོན་ཚན་གོང་མ་འདི་རྣམས་ལ་མཆོད་པའི་དགོས་པ་བསྟན་ཅིང་། གཞན་ཡང་དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་གཉིས་ལས། ཆོས་སྐྱོང་ཡིན་ན་མཁའ་འགྲོ་ཡིན་པས་ཁྱབ་ཅིང་། མཁའ་འགྲོ་ཡིན་ན་ཆོས་སྐྱོང་ཡིན་པས་མ་ཁྱབ་པའི་རྣམ་དབྱེ་ཡང་ཡོད་པར་གསུངས་སོ། མདོར་ན། འདི་ལྟར་བགྱི་བའི་དགོས་པའམ་དམིགས་བྱ་ནི་བསང་རྫས་དེ་དག་མགྲོན་ལ་ཆོ་གའི་ཕྱག་ལེན་ཇི་ལྟ་བ་བཞིན་ཕུལ་བའི་རྟེན་འབྲེལ་གྱིས་སྔོན་བསགས་ཉེས་བྱས་ཀྱི་ལས་སྣ་ཚོགས་དག་པར་འགྱུར་བ་དང་། ཁྱད་པར་བླ་མ་དང་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་འགལ་བའི་ཉེས་བྱས་དང་། གྲིབ་ཀྱི་རིགས་སྣ་ཚོགས་དང་། ཐབ་གཞོབ་དང་། མི་གཙང་བའི་རིགས་དང་། མནོལ་བ་སོགས་དག་ཅིང་སེལ་བ་དང་། གཉན་པའི་གནས་སུ་མི་རུང་བའི་ལས་བྱས་པ་རྣམས་ཀྱང་དག་པར་མ་ཟད། རང་ལ་མགོན་སྐྱབས་དང་དཔུང་གཉེན་མཛད་ཅིང་འཕྲིན་ལས་སྒྲུབ་པ། བསྡོངས་གྲོགས་བྱེད་པ་བཅས་ཀྱིས་གཞན་དང་རྩོད་པའི་བསམ་ངན་དང་། ཁ་མཆུ། འཁྲུག་རྩོད། དགྲ་ཇག་ཆོམ་རྐུན། ནད་མུག་འཚེ་བ་སོགས་ཀྱི་གནོད་པ་ཞི་ནས་རང་གཞན་བཅུད་དང་། ཡུལ་ཕྱོགས་སྣོད་ལ་བཀྲ་ཤིས་དགོས་འདོད་ཀྱི་ལེགས་ཚོགས་འབྱུང་བའི་སླད་དུ་དམིགས་པ་ཡིན། མདོར་ན། དུས་དང་རྣམ་པ་ཐམས་ཅད་དུ་འཚེ་མེད་ཞི་བདེའི་འཕེལ་རྒྱས་འབྱུང་བའི་ཆེད་དུ་འབུལ་ཞིང་བསྔོ་བ་ཡིན་ནོ།

           2.སེམས་ཁམས་སྙོམས་སྒྲིག་དང་སེམས་གསོ།

          “མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་། དངོས་གྲུབ་སྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ”ཞེས་བསམ་སྦྱོར་མི་ལེགས་པས་གནོད་པའི་ལས་གང་བགྱིས་པའི་སྒྲིབ་པ་དང་། ན་བ་སོགས་མི་འདོད་པའི་རྐྱེན་ངན་མཐའ་དག་ཞི་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བར་བསང་གི་མཆོད་པ་འབུལ་བ་འདི་དོན་དམ་པར་བསང་བྱེད་པ་དེ་མཆོད་ཡུལ་གྱི་ཆེད་དུ་མ་ཡིན་པར་བསང་གཏོང་མཁན་རང་ཉིད་ཀྱི་དམིགས་འབེན་དང་འདོད་དོན་འགྲུབ་པའི་ཆེད་དུ་ཡིན་ཏེ། ང་ཚོས་ཤེས་པ་ལྟར་མི་རྣམས་ཀྱིས་ལྷ་འདྲེར་མཆོད་པ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བགེགས་བར་ཆད་དང་ནད་གདོན་སོགས་ཞི་ནས་བསོད་ནམས་འཕེལ་བར་འདོད་པ་ལས་མ་འདས། ང་ཚོའི་འཚོ་བའི་ཁྲོད་མི་རྣམས་ཀྱིས་ཆར་སློང་བ། སེར་བ་འགོག་པ། དགྲར་འཐབ་པ། ཚོང་བྱེད་པ། ན་ཚ་ཞི་བ། བླ་མ་དང་དགེ་འདུན་པ་སོགས་སྤྱན་འདྲེན་པ། སྟོན་མོ་དང་རྩེད་ར་ཚོགས་པ། མཇལ་སྐོར་དུ་འགྲོ་བ་སོགས་ལས་གང་བ་ཚེ་སྔོན་འགྲོ་ལ་བསང་ཕུད་དེ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་སྐྱབས་བཅོལ་ནས་རང་གི་བྱ་བ་ཐམས་ཅད་བར་ཆད་མེད་ཅིང་བདེ་བླག་ཏུ་འགྲུབ་པར་གསོལ་མཆོད་བྱེད་པ། ཐ་ན་སློབ་མ་རྒྱུགས་ལེན་ཡང་བསང་མཆོད་བྱེད་པའི་རྣམ་པ་ཡོད། དེར་བརྟེན་བསང་ཕུད་པ་ནི་གཙང་མ་བྱེད་པའམ་ལྷ་མཆོད་ཀླུ་གསོལ་གྱི་ཚོག་རྐྱང་རྐྱང་ཙམ་མ་ཡིན་པར་དུས་རྒྱུན་གྱི་འཚོ་བའི་ནང་དུ་བྱ་བ་ཐམས་ཅད་ཀྱི་སྔོན་དཔག་དང་སྐྱབས་བཅོལ་བྱེད་ས་ཞིག་ཏུ་གྱུར་ཡོད། བོད་བྱང་ཐང་གི་ས་ཁུལ་ཁ་ཤས་སུ་སྦྲ་ནང་ནས་བསང་ཕུད་དེ་བསང་དུད་ཀྱི་རྒྱུ་ཕྱོགས་ལ་བལྟས་ཏེ་ལོ་དེའི་ནང་གི་བྱ་བ་ཐམས་ཅད་སྔོན་དཔག་བྱེད་པའི་སྲོལ་ཡོད་ལ། མདོ་སྨད་ཀྱི་ཞིང་གྲོང་ཁ་ཤས་སུ་རུ་སྡེ་ཕན་ཚུལ་མདའ་རྩེད་བྱེད་སྐབས་གྲོ་ནས་སོགས་འབྲུ་རིགས་དང་། ར་མ་བྱ་ཕོ་སོགས་ཁྱིམ་གྱི་རྒྱུ་ཟོག་མང་པོ་བསང་ལ་དམར་མཆོད་དུ་ཕུད་སྲོལ་ཡོད། གཞན་ཚོ་བ་དང་རུ་སྡེ་ཁག་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་སྐབས་བསང་ཕུད་དེ་མནའ་སྐྱེལ་པའི་སྣང་ཚུལ་འདི་རིགས་ང་ཚོས་དུས་རྒྱུན་དུ་མཐོང་ཐུབ་པ་ནི། “ང་ཚོའི་མཆོད་སྦྱིན་ནི་སྟོན་མོ་བཤམས་པ་དང་རྔན་པ་སྟེར་དང་ཅུང་འདྲ་པོ་ཡོད”ཅེས་དང་། ཡང“དམངས་ཁྲོད་ཀྱི་དད་མོས་ཁྲོད་རྒྱུ་མཚན་ཅི་ཡང་མེད་པ། མཁོ་བ་ཅི་ཡང་མེད་པའི་མཆོད་སྦྱིན་བྱེད་པ་གཏན་ནས་མེད་དེ། ཁོ་ཚོས་མཆོད་སྦྱིན་བྱ་བ་དེ་དངོས་པོའི་འཚོ་བའམ་ཡང་ན་བསམ་བློའི་འཚོ་བའི་སྟེང་དགོས་མཁོ་སྣ་ཚོགས་ཤིག་ཡོད་ངེས”ཞེས་པས་བསང་གཏོང་མཆོད་སྦྱིན་བྱེད་པ་དེ་ནི་ང་ཚོ་རང་གི་སེམས་ཁམས་གསོ་བའི་ཐབས་ལམ་ཞིག་ཡིན་པ་ཧ་ཅང་གསལ་ལོ། 

གཉིས། ཕྱིའི་དགེ་མཚན།  

          བསང་གཏོང་བ་ལ་མི་བུ་སྒེར་གྱི་རང་སྟེང་གི་ཕན་པ་མང་པོ་ཡོད་ལ། དེ་མིན་ཕྱིའི་ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཚོགས་ལ་ཡང་དགེ་མཚན་ཆེན་པོ་ལྡན་ཏེ།།

         1.རང་བྱུང་ཁོར་ཡུག་སྲུང་སྐྱོབ།

          བོད་ཀྱི་རང་བྱུང་ཁོར་ཡུག་གི་དབང་གིས་བོད་ཀྱི་ཁོར་ཡུག་མང་ཆེ་བར་རི་བོ་མང་པོས་བསྐོར་ཡོད་ལ། རི་བོ་དེ་དག་དང་འབྲེལ་ནས་རི་ལྷའི་རྣམ་པ་བྱུང་ཞིང་། རི་ལྷ་དེ་ལ་གོང་བཀུར་བྱ་བའི་ཆེད་དུ་བསང་ཕུད་པའི་རིག་གནས་ཀྱི་རྣམ་པ་ཞིག་བོད་དུ་བྱུང་བ་དེས་གཅིག་ན་དེ་ནི་མི་བུ་སྒེར་གྱི་སྐྱིད་སྡུག་ལེགས་ཉེས་གང་རུང་གི་ཕྱིར་དུ་ཡིན་པ་རེད། འོན་ཏེ། ཕྱོགས་གཞན་ཞིག་ནས་བལྟས་ཚེ་བོད་ཀྱི་བསང་ཕུད་པའི་རིག་གནས་དེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཐོན་པའི་ནུས་པ་དེ་ནི་གཞན་གྱིས་ཚབ་བྱེད་མི་རུང་བའི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་པར་སེམས།  

          སྤྱིར་བོད་མདོ་དབུས་ས་མཐོ་ནས་སྐྱེས་པའི་བོད་མི་ཞིག་ཡིན་ཕྱིན། རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ཏུ་བསང་གཏོང་ཚུལ་དང་བསང་བསྔོ་ཚུལ་སོགས་མཐོང་ཐོས་མྱོང་དུ་མ་གྱུར་བ་ཞིག་ཕལ་ཆེར་ཡོད་མི་སྲིད་པས། གལ་སྲིད་ང་རང་ཚོས་ཡིད་འཇོག་ཏོག་ཙམ་བགྱིས་ན། བསང་ཕུད་པར་ངེས་པར་མཁོ་བ་རྒྱུ་གང་དག་ཡིན་པ་དང་། དེ་དག་མ་ཚང་མ་འཛོམས་ནའང་གང་དྲན་དྲན་བྱེད་མི་རུང་ཚུལ་ངང་གིས་ཧ་གོ་ཡོང་ངེས་ཏེ། གལ་སྲིད་བྱས་ཉེས་ཤོར་ཚེ་ནམ་མཁའི་ལྷ་དང་། འོག་གི་ཀླུ། བར་སྣང་གཉན་ལ་སོགས་པར་བཙོག་གྲིབ་བཟོས་ཡོང་བའི་རྒྱུ་མཚན་ཡང་བོད་དམངས་ཁྲོད་དུ་བཤད་རྒྱུན་ཡོད། དེ་ཡང་། “འཇིག་རྟེན་གྱི་ལྷ་ཚོགས་ནི་གཙང་མ་ལ་དགའ་ཞིང་སྨེ་བ་ལ་འཇིགས་པས། གཙང་སྨེ་མ་འདྲེས་པ་བྱེད་རྒྱུ”①ཤིན་ཏུ་གལ་ཆེ་བ་དང་། བོད་ཀྱི་ཡུལ་གྲུ་སོ་སོར། རང་གི་ཕ་མེས་རྒྱུད་ཀྱི་སྲུང་མ་དང་། ཡུལ་ལྷ་གཞི་བདག ནོར་ལྷ་གཏེར་བདག་གི་ཚོགས་རྣམས་རང་ཉིད་འཚོ་སྡོད་བྱེད་པའི་ལུང་བ་ཕུ་མདོ་བར་གསུམ་དང་། རི་ཆུ་ནགས་གསུམ། ཁང་ཁྱིམ་ཁོར་ཡུག་ཕྱི་ནང་ལ་སོགས་པར་གནས་བཅས་ཏེ་མི་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་བདེ་སྡུག་ལེགས་ཉེས་ཀྱི་རྟགས་ནུས་པ་ཅི་རིགས་སྟོན་བཞིན་ཡོད་པར་འཇིགས་སྐྲག་དང་དད་གུས་མཉམ་སྐྱེས་བྱེད་པའི་དབང་གིས། ཁོར་ཡུག་ལ་གཏོང་བརླག་མི་གཏོང་ཞིང་། ཁོར་ཡུག་དེ་མིའི་དབང་བསྒྱུར་བ་ཡུལ་ཞིག་ཏུ་ངོས་མི་འཛིན་པར་ཁོར་ཡུག་ནི་མི་རྣམས་ཀྱིས་གོང་བཀུར་བྱ་ཡུལ་ཞིག་ཏུ་བརྩི་བས་བོད་ཀྱི་བསང་གཏོང་བའི་ཚོག་དེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་མངོན་མེད་ཀྱི་དགེ་མཚན་ཞིག་ཐོན་ཡོད་པ་རེད།

         2.འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན།

          ཆོས་ལུགས་དང་ཆོས་ལུགས་ཀྱི་ཆོ་ག་བརྒྱུད་དེ་སྤྱི་ཚོགས་ལ་ཕན་ནུས་བཏོན་པས། ཆོས་ལུགས་ཆོ་ག་ནི་སྤྱི་ཚོགས་རིག་གནས་ཤིག་ཏུ་གྲུབ་ལ། དེས་སྤྱི་ཚོགས་ལ་གཞན་གྱིས་ཚབ་བྱེད་མི་རུང་བའི་བྱེད་ནུས་ངེས་ཅན་ཞིག་ཐོན་པར་སྙམ་སྟེ། མི་རྣམས་ཀྱི་རི་ལྷའི་སྣང་བརྙན་གསར་བཟོ་དང་རི་ལྷ་མི་གཤིས་ཅན་དུ་བཟོས་པ་དེས། མི་རྣམས་ཀྱིས་དེ་ལ་དད་མོས་བྱེད་པའི་བློ་སྐྱེས་ཏེ་ལྷ་བསང་གཏོང་བ་དང་། རི་ལྷས་ཀྱང་མི་རྣམས་ལ་གནས་སྐབས་ཙམ་གྱི་སེམས་ཀྱི་བདེ་བའམ་དགོས་འདོད་སྩོལ་བས། དེས་མི་དང་ལྷ་ཡི་འབྲེལ་བ་མ་ཟད། མི་དང་མི། མི་དང་སྤྱི་ཚོགས་ཀྱི་བར་ལ་ཡང་འཆམ་མཐུན་གྱི་ཁོར་ཡུག་བླ་མེད་ཅིག་བསྐྲུན་ཡོད་པར་སེམས་སོ།།

          བོད་ཀྱིས་བསང་མཆོད་ཆོ་ག་སྒྲུབ་པ་དེས་དེང་དུས་བོད་ཀྱི་མཐའ་མཚམས་ས་ཁུལ་དང་འབྲེལ་བའི་མི་རིགས་གཞན་མང་པོར་ཤུགས་རྐྱེན་ཐེབས་ཏེ་མི་རིགས་དེ་དག་གིས་རི་ལྷ་འདི་དག་གསོལ་བར་བྱེད་པས་ན། སྣ་མང་རིག་གནས་གོང་བུ་གཅིག་ཏུ་བསྒྲིལ་བར་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་ཅི་ལ་མིན། དེར་མ་ཟད། མི་རྣམས་ཀྱིས་རི་ལྷ་གསོལ་བ་དེ་ནི་ལྷ་དང་མིའི་བར་གྱི་འབྲེལ་འདྲིས་བྱེད་སྟངས་ཤིག་ཀྱང་རེད། གཉིས་ནས་བསང་མཆོད་ཆོ་ག་བསྒྲུབས་པ་བརྒྱུད། ས་གནས་ངེས་ཅན་གྱི་ས་ཁོངས་རིག་གནས་བསྐྲུན་པས་མི་རིགས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་མཐུན་སྒྲིལ་ལ་ཕན་པ་ཡོད། གསུམ་ནས་རི་མཆོད་བྱེད་སྟངས་སྣ་མང་ཅན་དུ་འགྱུར་བ། མི་རིགས་སོ་སོའི་དགལ་ཕྱོགས་དང་གོམས་གཤིས་མི་འདྲ་བས་མཆོད་འབུལ་བྱེད་སྟངས་ཀྱང་སྣ་མང་ཅན་དུ་གྱུར་ཡོད། མི་རིགས་སོ་སོར་དུས་ཡུན་རིང་བོར་འབྲེལ་འདྲིས་བྱས་པ་དང་བསྟུན་བར་ཁྱད་ཇེ་ཉུང་དུ་སོང་ལ་མཐུན་ཕྱོགས་ཇེ་མང་དུ་གྱུར། ཚང་མར་གཅིག་མཐུན་གྱི་ཆོས་ལུགས་སེམས་ཁམས་དང་དད་མོས་ཀྱི་རྣམ་པ་ཡོད་པར་གྱུར།                      

          སྡོམ་བྱང་།

          བོད་ཀྱི་བསང་གཏོང་སྲོལ་དེ་གདོད་མ་ནས་བྱུང་ཞིང་། སྔོན་ཆད་རང་བྱུང་ལ་དད་པ་མེ་ལ་དད་པ་སོགས་ནས་བྱུང་བ་ཡིན་ལ། དེ་གཙོ་བོར་འཚོ་བའི་ནང་གི་བཙོག་གྲིབ་དང་མི་གཙང་བ་སོགས་དག་སེལ་ལམ་སྲིད་དོན་དམག་འཁྲུག་སོགས་ཏུ་བཀོལ་བ་ཡིན་ཡང་། ད་ལྟ་ཆོས་ལུགས་ཀྱི་རྣམ་པ་དེ་གཙོ་བོར་གྱུར། ང་ཚོས་ཤེས་པ་ལྟར་རིག་གནས་ཀྱི་སྣང་ཚུལ་གང་ཞིག་ཡིན་ཡང་དེ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་གང་རུང་གི་འོག་ཏུ་བྱུང་བ་ཞིག་ཡིན་པས། དེ་ལ་སྤྱི་ཚོགས་ཀྱི་ཕན་ནུས་ངེས་ཅན་ཞིག་ལྡན་ཏེ། མི་རྣམས་ཀྱིས་བསང་བཏང་ནས་ལྷ་འདྲེར་མཆོད་པ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བགེགས་བར་ཆད་དང་ནད་གདོན་སོགས་ཞི་ནས་བསོད་ནམས་འཕེལ་བར་འདོད་པ་ལས་མ་འདས།བོད་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་དབང་གིས་བོད་ཀྱི་ཁོར་ཡུག་ཀུན་ཏུ་རི་བོ་མང་པོས་བསྐོར་ཡོད་ལ། རི་བོ་དེ་དག་དང་འབྲེལ་ནས་རི་ལྷའི་རྣམ་པ་བྱུང་ཞིང་། རི་ལྷ་དེ་ལ་གོང་བཀུར་བྱ་བའི་ཆེད་དུ་བསང་ཕུད་པའི་རིག་གནས་ཀྱི་རྣམ་པ་ཞིག་བོད་དུ་བྱུང་ཡོད་པ་རེད། གཅིག་ན་དེ་ནི་མི་བུ་སྒེར་གྱི་སྐྱིད་སྡུག་ལེགས་ཉེས་གང་རུང་གི་ཕྱིར་དུ་ཡིན་པ་རེད། འོན་ཏེ། ཕྱོགས་གཞན་ཞིག་ནས་བལྟས་ཚེ་བོད་ཀྱི་བསང་ཕུད་པའི་རིག་གནས་དེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཐོན་པའི་ནུས་པ་དེ་ནི་གཞན་གྱིས་ཚབ་བྱེད་མི་རུང་བའི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་པར་སེམས། བོད་དུ་མི་རྣམས་ཀྱིས་རི་མཐོན་པོའི་མགོ་རུ་ལབ་ཙེ་བསྟོད་པ་དང་། ལྷ་བསང་གཏོང་བ་སོགས་བརྒྱུད་ནས་ལྷ་ལ་དགའ་བ་བསྐྱེད་ལ། ལྷ་ཡིས་ཀྱང་མི་ལ་ཕན་བདེ་སྩོལ་བར་གསོལ་བ་ཡིན། བོད་ཀྱི་བསང་མཆོད་རིག་གནས་ལ་མཚོན་ན་གཅིག་ནས་ལྷ་དང་ཁ་བརྡ་འཕྲོད་པ་དང་སྤྱི་ཚོགས་ཀྱིས་ལྷ་ལ་བཀུར་བསྟི་བྱེད་པའི་རྣམ་པ་མཚོན། བསང་ཕུད་པ་ནི་མདོར་ན་མི་དང་ལྷའི་འཇིག་རྟེན་འདི་གཉིས་ཕན་ཚུན་འབྲེལ་གཏུགས་བྱེད་པའི་རྣམ་པ་ཞིག་མཚོན་པ་སྟེ། མི་དང་ལྷའི་བར་གྱི་འབྲེལ་བ་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད། བསང་མཆོད་ཀྱི་ཆོ་ག་ལ་བལྟས་ཚེ། རི་ལྷར་བསང་མཆོད་བྱེད་པ་དང་རྟ་རྒྱུགས་པྱེད་པ་ཚང་མ་ནི་རི་ལྷའི་ངོ་སོ་བསྟོད་སླད་དང་ཐུགས་དགྱེས་པའི་ཆེད་དུ་ཡིན་པར་སེམས་ལ། དེ་མིན་རི་ལྷར་མགོན་སྐྱབས་བཅོལ་ནས་རང་གི་དགོས་འདུན་བསྐོང་ཆེད་ཀྱང་ཡིན་པར་སེམས་སོ།།

          (རྩོམ་པ་པོ། ལྕགས་མོ་མཚོ། ཕ་ཡུལ། ཀན་སུའུ་དཔའ་རིས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2013ལོའི་ཤེས་རམས་པ།)

                            (མཛུབ་སྟོན་དགེ་རྒན། བློ་བཟང་མཁས་གྲུབ།)

          ① ནམ་མཁའ་ནོར་བུ། ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར།  ཤོག་ངོས་327

          ② ནམ་མཁའ་ནོར་བུ། ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར།  ཤོག་ངོས་327

          ③ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བོད་རིགས་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་གླེང་བ།  [J]ཀྲུང་གོའི་བོད་རིག་པ། 1989(04 )

          ① དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོར་ཟླ་1པར། ཤོག་ངོས་87

          ① 池田大作.社会与宗教 [M]成都:四川人民出版社,   1991:123.

          ② 吕大吉主编.宗教学纲要 [M]北京:高等教育出版社, 2003:l48.

          ① རེབ་གོང་པ་མཁར་རྩེ་རྒྱལ། འཇིག་རྟེན་མཆོད་བསྟོད།  [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་232       

          ② རེབ་གོང་པ་མཁར་རྩེ་རྒྱལ། འཇིག་རྟེན་མཆོད་བསྟོད། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2009ལོར་པར། ཤོག་ངོས་234

          ① མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། མདའ་དང་འཕང་། སྟོད་ཆ།  [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོར་པར། ཤོག་ངོས་280

          ① མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། མདའ་དང་འཕང་། སྟོད་ཆ། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2010ལོར་པར། ཤོག་ངོས་318

          ① ནམ་མཁའ་ནོར་བུ། ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009@ལོར་པར། ཤོག་ངོས་328

          ① ཆབ་འགག་རྡོ་རྗེ་ཚེ་རིང་གིས་གཙོ་སྒྲིག་བྱས། བསང་མཆོད། [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོར་པར། ཤོག་ངོས་35

          ① རེབ་གོང་པ་མཁར་རྩེ་རྒྱལ། འཇིག་རྟེན་མཆོད་བསྟོད། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་235

          ② རེབ་གོང་པ་མཁར་རྩེ་རྒྱལ། འཇིག་རྟེན་མཆོད་བསྟོད། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་236

          ①ནམ་མཁའ་ནོར་བུ། ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། [M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་138-167    P47