བོད་ཤོག་གི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ།

རྩོམ་པ་པོ།   དུས་ཚོད།   2018-06-22   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

བོད་ཤོག་གི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེ།

               བོད་ཤོག་ནི་འཕྲུལ་ཆས་ཀྱིས་བཟོ་བའི་ཤོག་བུས་ཚབ་བྱེད་མི་ནུས་ཤིང་། “ཞོལ་འདོད་དཔལ”གྱིས་སྲོལ་རྒྱུན་བོད་ཤོག་གི་ཁྱད་ཆོས་རྒྱུན་སྲུང་བྱས་ཏེ། སྔོན་ཐོན་གྱི་འཕྲུལ་ཆས་ཤོག་བུའི་ལག་རྩལ་དང་བོད་བཙན་པོའི་དུས་སྐབས་སུ་གྲུབ་པའི་བོད་ལྗོངས་སྲོལ་རྒྱུན་ལག་བཟོས་ཤོག་བུ་ལག་རྩལ་ཟུང་སྦྲེལ་སྒོས་རྣམ་པ་གསར་བའི་གྲངས་འཛིན་བོད་ཤོག་དར་སྤེལ་བྱེད་པ་ཡིན། དེ་ནི་མིག་སྔར“ཞོལ་འདོད་དཔལ”གྱིས་གནའ་དཔེ་བསྐྱར་བཤུ་བྱ་བར་སྤྱོད་པ་མ་ཟད། རིག་རྩོམ་ཐོན་རྫས་དང་ཐོན་རྫས་ཐུམ་རྒྱག་སྣ་ཚོགས་སུ་སྤྱོད་པར་བརྒྱུད། བོད་ཤོག་གི་རིག་གནས་རིན་ཐང་དང་ཁྱབ་སྤེལ་ནུས་པ་གཏིང་ཟབ་སྒོས་དར་སྤེལ་བྱེད་པ་ཡིན།

              ཤོག་བཟོའི་ལག་རྩལ་ནི་བོད་ཁུལ་དུ་རྒྱལ་པོ་སུ་ཡི་སྐུ་རིང་དང་དུས་ནམ་ཞིག་དར་ཁྱབ་བྱུང་ཡོད་མེད་དེ་ཁ་ཚོན་གཅོད་ནུས་མཁན་དང་། གཏན་ཚིག་འགོད་མཁན་ཞིག་ནི་བྱུང་མི་འདུག་ནའང་། རྒྱལ་པོ་སྲོང་བཙན་གྱི་དུས་ལ་ཁྱིམ་མཚེས་རྒྱལ་ཁབ་འགའ་ཞིག་ཏུ་བོད་ཤོག་སྟེང་དུ་ཡི་གེ་བྲིས་ནས་སྐུར་བའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་འགའ་ཞིག་གི་ནང་དུ་འདུག་པས། དེར་བརྟག་ན། ད་ལྟ་ནས་ཡར་ལ་རྩིས་པའི་ལོ1300གོང་ནས་བོད་ཁུལ་དུ་ཤོག་བཟོ་དར་ཟིན་ཡོད་པ་ཤེས་ཐུབ་བོ།། རྒྱལ་པོ་ཁྲི་སྲོང་གི་དུས་སུ་རྒྱ་གར་ནས་བོད་དུ་བསྒྱུར་བའི་བོད་ཡིག་གི་གསུང་རབ་ཚང་མ་ཤོག་དྲིལ་བྱས་ཏེ་ཡིག་འབྲུ་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་སྟེ། པོད་གཅིག་གི་ཚད་དུ་རྩིས་པ་ལ་སོགས་པའི་ལོ་རྒྱུས་ཤིན་ཏུ་མང་པོ་ཡོད་པ་དུང་དཀར་ཚིག་མཛོད་སོགས་ལས་གསལ་ལོ།།

            “སྙེ་མོའི་རྒྱན་གསུམ”གྱི་སྙེ་མོའི་བོད་ཤོག་ནི་བོད་ཁུལ་ཡོངས་སུ་སྙན་གྲགས་རྒྱས་ཤིང་། ད་ལྟའི་བར་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པ་དང་། ཁྱད་དུ་འཕགས་པའི་ལག་རྩལ་ཁྱད་ཆོས་ལྡན་ལ། བོད་རིགས་མི་དམངས་ཀྱི་བློ་གྲོས་འཛོམས་ཡོད། དེའི་ཐོན་གནས་གཙོ་བོ་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོ་ཡིན་པ་དང་། 2008ལོར་སྙེ་མོའི་བོད་ཤོག་བཟོ་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད།

ཚེ་རིང་རྡོ་རྗེ་དང་བོད་ཤོག་གི་ལས་འབྲེལ།

                 1951ལོར། ཚེ་རིང་རྡོ་རྗེ་་སྙེ་མོ་རྫོང་དྭགས་རོང་གྲོང་རྡལ་གྱི་བོད་ཤོག་བཟོ་བའི་ཁྱིམ་རྒྱུད་དུ་སྐྱེས་ཤིང་། ཁྱིམ་རྒྱུད་འདིའི་བོད་ཤོག་བཟོ་མཁན་མི་རབས་གསུམ་པ་དེ་རེད། 1959ལོར་ལོ་ངོ་བརྒྱད་ལ་ཟིན་པའི་ཚེ་རིང་རྡོ་རྗེ་ཕ་རྒན་དང་འགྲོགས་སྟེ་བོད་ཤོག་བཟོ་བར་སློབ་སྦྱོང་བྱས། སྐབས་དེར་གྲོང་ཚོ་དེར་དུད་ཁྱིམ16གིས་བོད་ཤོག་བཟོ་བཞིན་ཡོད་ལ། མང་ཆེ་ཤོས་ཀྱིས་བོད་ཤོག་བཟོ་བ་ནི་རྒྱུས་མེད་ཀྱི་ལག་ཐབས་ལྟ་བུ་ཞིག་ཏུ་སྣང་།

བུ་རྒན་པ་སྐལ་བཟང་བསྟན་འཛིན།

                 དེ་ཡང་ས་གནས་མང་ཆེ་བར་ཤོག་བུ་དགོས་མཁོ་ཆེ་ཞིང་ནང་འདྲེན་བྱེད་པ་མང་བས། སྙེ་མོ་རྫོང་དུའང་བཟོ་ལས་རང་བཞིན་གྱི་ཤོག་བུ་བཟོ་རྩལ་དར་བར་ལག་ཤེས་སྒྱུ་རྩལ་ཉམ་ང་བ་དང་། ལུས་རྩོལ་ངལ་རྩོལ་ཆེན་པོ་དང་ཐོན་སྐྱེད་ཉུང་བའི་བོད་ཤོག་ལ་དེ་འགྲན་རྩོད་ཅན་གྱི་གནས་སུ་ལྷུང། སྐབས་དེར་ཚེ་རིང་རྡོ་རྗེའི་ཁྱིམ་དུའང་བོད་ཤོག་བཟོ་བར་མཚམས་འཇོག་བྱས། ཁྱིམ་ཚང་གི་ཆེད་དུ་ཚེ་རིང་རྡོ་རྗེས་ལོ3ལ་ཤིང་བཟོ་བསླབ་ཏེ། ལོ་ངོ13ལ་རུ་ཁག་གི་རྩིས་གཉེར་བ་བྱས། འོན་ཀྱང་ནམ་ཡང་སེམས་སུ་ངེས་པར་དུ་ཕ་མེས་ནས་བརྒྱུད་པའི་བོད་ཤོག་གི་ལག་ཤེས་རྒྱུད་འཛིན་བྱེད་དགོས་པར་སྙམ།

                1985ལོར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་དཔེ་རྙིང་སླར་གསོ་བྱེད་པར་བོད་ཤོག་འབོར་ཆེན་དགོས་པ་རེད། ཁོང་ཚོས་ཚེ་རིང་རྡོ་རྗེ་བཙལ་ཞིང་། ཁོང་ལ་ལོ་ངོ18ཀྱི་བོད་ཤོག་བཟོ་བའི་གན་རྒྱ་བཞག་ཅིང་། གོ་སྐབས་དེ་དང་བསྟུན་ནས་ཚེ་རིང་རྡོ་རྗེའི་བོད་ཤོག་བཟོ་བའི་རྟོགས་པ་སད་དེ་ཁྱིམ་ཚང་ཧྲིལ་པོས་རྒྱབ་སྐྱོར་གནང་། ཚེ་རིང་རྡོ་རྗེས་བོད་ཤོག་བཟོ་བའི་ལག་ཤེས་ཉམས་རྒུད་དུ་གྱུར་བ་སླར་གསོ་བྱས་ཤིང་། སྔར་ལས་ལྷག་པའི་བོད་ཤོག་ལག་ཤེས་རྒྱུན་འཛིན་དང་དར་སྤེལ་བྱས།

ཚ་བོ།

                 དབྱར་ཟླ6པ་ཚེས་མ་ཐག།མེ་ཏོག་རྣམ་པར་བཞད་པའི་ཚེ་རིང་རྡོ་རྗེའི་རེ་ལྕག་མེ་ཏོག་བསྡུ་བའི་དུས་ལ་སླེབས་ཡོད། ལོ68ལ་སླེབས་པའི་ཚེ་རིང་རྡོ་རྗེས་ཞིབ་ཚགས་ངང་ཞིང་ཁར་བཟོ་བཅོས་བྱས་ཡོད། ཚེ་རིང་རྡོ་རྗེ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཞོ་ལེགས་བོད་ཤོག་གི་རྒྱུན་འཛིན་པ་ཡིན་ཞིང་། རེ་ལྕག་ནི་ཞོ་ལེགས་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ཡིན་ལ། ཚེ་རིང་རྡོ་རྗེའི་སྤོ་བོ་དང་ཨ་ཕ་རྣམས་ཀྱིས་ཀྱང་བོད་ཤོག་ལ་བརྟེན་ནས་འཚོ་བ་སྐྱེལ་ཞིང་། བོད་ཤོག་གི་ལག་རྩལ་དག་རྗེས་རབས་པ་ཁོང་ལ་རྒྱུད་སྤྲོད་གནང་བ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།