རྫོང་གསར་དགོན་གྱི་ལོ་རྒྱུས།

རྩོམ་པ་པོ།   དུས་ཚོད།   2018-06-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

                གནས་འདིར་སྔོན་ཕྱོགས་མེད་ཀྱི་བྱ་བྲལ་བ་ཞིག་བྱོན་ནས་མི་ཞིག་ལ་ཁྱོད་ཀྱི་མིང་ལ་ཅི་ཡིན་ཞེས་པའི་ལན་དུ་ང་ལ་བཀྲ་ཤིས་ཟེར། ཡ་ཀི་རི་འདིའི་མིང་ལ་ཅི་ཟེར་ཞེས་པའི་ལན་དུ་ལྷ་རྩེ་ཟེར་ཞེས་བཤད། དེར་རྟེན་འབྲེལ་ཁྱད་པར་ཅན་གཟིགས་ནས་ལྷ་ཁང་བཞེངས་པས་རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས་མིང་ཆགས། དགོན་པ་འདིར་ལྷ་ཁང་ཆེ་ཆུང་བཅུ་དགུ་དང་། སྟག་ཚང་སྒྲུབ་སྡེ་ཁང་།   ཛཾ་ནང་གནས་ཕུག་ལྷ་ཡང་།   ཁྱུང་སྟག་གནས་ཕུག་ལྷ་ཁང་།   ཚ་ཆུ་མཇུག་སྤྱན་རས་གཟིགས་ལྷ་ཁང་བཅས་འདིར་གཏོགས་པའི་ལྷ་ཁང་ཆེ་ཆུང་ཉེ་བཞི།   གཞན་ཡང་གྭ་གུ་བྱང་ཆུབ་རི་ཁྲོད།  འཛིན་ཁྲ་བོ་རི་ཁྲོད་སོགས་དགོན་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ།  དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་ན་ལན་དྲ་རུ་བཞུགས་པ་བ་རི་ལོ་ཙྭ་བས་བོད་དུ་གདན་དྲངས་ཤིང་ས་སྐྱ་བཞུགས་པ་འགྲོ་མགོན་ཆོས་འཕགས་ཀྱིས་རྫོང་སར་དུ་བཞག་པའི་ཙནྡན་ལས་གྲུབ་པའི་མགོན་པོ་གུར་གྱི་སྐུ་བྱེའུ་ཁུར་མ་ང་འབྱོན་མར་གྲགས་པ།   གངས་ཅན་ལྗོངས་ན་གུ་རུའི་སྐུ་ཚབ་གཏེར་བྱོན་ཐམས་ཅད་ཀྱི་རྒྱལ་པོ་དངོས་གྲུབ་དཔལ་འབར།  ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱི་ཐུགས་དམ་རྟེན་སྟོན་པ་ཐུབ་པའི་སྐུ་ལི་རྙིང་སོགས་ལོ་རྒྱུས་ལྡན་པ་གྲངས་མང་།  ཟང་གསེར་ལས་གྲུབ་པའི་མགོན་པོ་མི་ཕམ་པའི་སྐུ་ཐོག་བརྩེགས་ལྔ་པས་མཚོན་ཐོག་བརྩེགས་ཡན་རྒལ་བ་བཅུ་གསུམ། ལི་མ་ཐུབ་སྐུ་བྱིའུ་དྲོད་མ་སོགས་ཆེ་ཆུང་ཁྱོན་ཆིག་སྟོང་བརྒྱད་བརྒྱ་ཙམ།  ཟངས་གསེར་སྐུ་ཆེ་བ་མི་ཚད་ལྷག་ནས་ཆུང་བ་མཐོ་གང་བ་ཁྱོན་ཆིག་སྟོང་ལྔ་བརྒྱ།   ཟངས་གསེར་གྱི་མཆོད་རྟེན་ཐོག་བརྩེགས་ཡན་རྒལ་བ་བཞི།  བཀའ་གདམས་མཆོད་རྟེན་སོགས་ཆེ་ཆུང་བརྒྱ་དང་བརྒྱད་ཅུ་ཙམ།   ཞལ་ཐང་གདན་ས་གོང་ནས་གནང་བ་སོགས་ལོ་རྒྱུས་གྲངས་མང་།   གོས་སྐུ་ལྷུན་གྲུབ་ཐོག་བརྩེགས་ལྔ་པ་བཅས་བསྡོམས་པས་ཆིག་སྟོང་བཞི་རྒྱ།   དཔེ་རྒྱུན་ཤིན་ཏུ་དཀོན་གྲས་མཁྱེན་བརྩེ་གོང་འོག་གིས་བྲིས་པ་དང་གཏེར་ཤོག་རྒྱ་དཔེ་གསེར་དངུལ་གྱིས་བྲིས་པ་སོགས་བྲིས་མ་སྐོར་ཁྱོན་བསྡོམས་པུ་ཏི་སུམ་སྟོང་བརྒྱད་བརྒྱ།   པར་མ་ཁྱོན་གླེགས་བམ་སུམ་སྟོང་དྲུག་བརྒྱ་ཙམ།  སྡེབ་སྐུ་ཐོག་བརྩེགས་ཡན་རྒལ་བ་ལྔ།  མཁྱེན་བརྩེ་ང་འདྲ་མ་སོགས་བྱིན་ཅན་གྲངས་མང་།  ནང་རྟེན་གྲས་ཆོས་རྒྱལ་ཁྲི་སྲོང་གི་དབུ་ཐོད་དང་རྒྱལ་ཚབ་དར་མ་རིན་ཆེན་གྱི་དབུ་ཐོད།    གུ་རུའི་ཚོན་ལས་སྤྲུལ་པའི་རིང་བསྲེལ།   སྟོན་པ་ཐུབ་པའི་དབང་པོའི་འཕེལ་གདུང་།   གཏེར་བྱོན་རྡོ་རྗེ་དང་ཕུར་པ་ལོ་རྒྱུས་ཅན་གྲངས་མང་སོགས་དང་།   པར་ཁང་དུ་མཁྱེན་བརྩེའི་བཀའ་འབུམ་སོགས་པར་ཤིང་པོད་བཞི་བཅུ་སྐོར་ཡོད།

རྩོམ་སྒྲིག་པ།  ཚེ་པེ། གཡུ་འཛོམས།