ང་ཚོའི་སློབ་ཁྲིད་ཀྱི་ཕམ་རྐྱེན་ཞིག

རྩོམ་པ་པོ།   དུས་ཚོད།   2018-04-23   རྩོམ་ཁུངས།   

               ང་རང་མི་རིགས་སློབ་གསོའི་ལས་གནས་སྟེང་ནས་གཞི་རིམ་དང་མཁར་གྲོང་གི་སློབ་གྲྭ་མང་བོར་སློབ་དཔྱོད་ལ་འགྲོ་དུས། ཐོག་མར་སློབ་ཁང་དུ་འཛུལ་ནས་སློབ་ཁྲིད་གྲ་སྒྲིག་ཡོད་མེད་ལ་བལྟས་པ་ཡིན། སློབ་གསོའི་མ་ལག་ཁྲོད་སློབ་ཁང་སློབ་ཁྲིད་ཀྱིས་གོ་གནས་གལ་ཆེན་ཞིག་ཟིན་ཡོད། 

             རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་རྨང་གཞི་སློབ་གསོའི་གསར་གཏོད་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུའི་སྟེང་། སློབ་གསོ་རིག་པའི་འབུམ་རམས་པ་བང་ཧྲོས་ཧྥ་ཡིས། ༼ ཀྲུང་གོའི་སློབ་གསོའི་ཆེས་ཆེ་བའི་གནད་དོན་ནི་སློབ་ཁང་སློབ་ཁྲིད་ཁྲོད་གནས་ལ། ཀྲུང་གོའི་སློབ་གསོའི་བཅོས་བསྒྱུར་གྱི་བར་སྟོང་ཆེ་ཤོས་དེ་ཡང་ སློབ་ཁང་སློབ་ཁྲིད་ཡིན་༽ཞེས་དང་། ༼ སློབ་ཁང་སློབ་ཁྲིད་ཀྱི་རྩ་བའི་གཏན་ཚིགས་དང་རྩ་བའི་བསྙེགས་འདེད། རྩ་བའི་བརྒྱུད་རིམ། རྩ་བའི་མཇུག་འབྲས་བཅས་སློབ་ཁང་སློབ་ཁྲིད་ཀྱི་གསར་བརྗེའི་བརྗོད་དོན་ཕྱོགས་བཞི་ནས་གཏིང་ཟབ་པོས་མངོན་འགྱུར་བྱེད་དགོས་༽ ཞེས་བསྡོམས་ཚིག་བཀོད། 

             ཞིབ་ཏུ་བསམ་བློ་ཞིག་བཏང་ནའང་། སློབ་གྲྭའི་སློབ་གསོའི་བླ་སྲོག་དང་དཀྱིལ་སྙིང་ནི་སློབ་ཁང་སློབ་ཁྲིད་ཡིན།  ང་རང་ཉེ་བའི་ལོ་འགའི་ཡར་སྔོན་དུ་དབྱིན་ཇི་རུ་སོང་སྟེ་ཡོ་རོབ་ཀྱི་སློབ་ཁང་སློབ་ཁྲིད་ལ་ཁྱོན་ཡོངས་ནས་ཉམས་ཞིབ་ཅིག་བྱས་པ་ཡིན།  དེ་གའི་སློབ་གསོའི་ཁྱད་ཆོས་གཙོ་བོ་ནི་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་རེད།  དབྱིན་ཇིའི་དགེ་རྒན་དེ་དག་གི་སློབ་ཁྲིད་གྲ་སྒྲིག་ནི་དངོས་གནས་འཐུས་སྒོ་ཚང་ལ་བྱེད་ནུས་ལྡན་པ། སློབ་ཁྲིད་དང་སློབ་མ་ཡོངས་ལ་ཁ་གཏད་པས་ཧ་ལས་པ་ཞིག་རེད། དགེ་རྒན་འཇོན་མིན་དེ་གཙོ་བོ་སློབ་ཁྲིད་གྲ་སྒྲིག་གི་སྟེང་ནས་མངོོན་ལ། དེས་ཁོ་རང་ཚོའི་སློབ་གསོ་འཕེལ་རྒྱས་ལ་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ཤིག་ཐོན་གྱིན་འདུག སློབ་ཁྲིད་གྲ་སྒྲིག་ནི་སློབ་ཁང་སློབ་ཁྲིད་ལེགས་འགྲུབ་འབྱུང་མིན་གྱི་རྩ་དོན་ཡིན་མོད། ང་རང་ནམ་ཀུན་གནད་དོན་མང་བོ་ཞིག་ལ་འཕྲད་འོང་། 

            དགེ་རྒན་ལ་ལས་སློབ་ཁྲིད་ལ་གྲ་སྒྲིག་མི་བྱེད་པར་འགྲོ་ལས་འདུག་ཐབས་བྱས། ཡང་ལ་ལས་གོང་རིམ་ལ་ལས་ཚད་སྟོན་བྱེད་ཁོ་ནར་གྱུར་བའི་གྲ་སྒྲིག་རྣམ་པ་ཙམ་ལས་སེམས་སྟེང་ནས་གྲ་སྒྲིག་མི་བྱེད། བྱས་ཀྱང་སློབ་ཁང་དུ་མི་ཁྱེར། ཁྱེར་ཡང་སློབ་ཁྲི   ད་དང་སློབ་མ་ལ་རྔོ་མི་ཐོགས་པའི་སྲོལ་ཞིག་གང་སར་ཆགས་ཀྱིན་འདུག  ཐ་ན་རང་ལ་ཡོན་ཏན་དང་ཉམས་མྱོང་ཏོག་ཙམ་ཡོད་ན་སློབ་ཁྲིད་ལ་གྲ་སྒྲིག་མི་དགོས་པར་འདོད་མཁན་ཡོད་ལ། ཡང་སློབ་གསོ་དོ་དམ་པ་རེ་འགས་ཀྱང་དེ་ལ་དང་དོད་ཆེན་པོ་མཛད་ཀྱིན་མི་འདུག་པས། མི་རིགས་སློབ་གསོ་ལ་འཐུས་ཤོར་རབ་དང་རིམ་པ་ཞིག་འབྱུང་བཞིན་འདུག   

            ང་རང་ནམ་ཀུན་དེ་ལ་མཚར་སྣང་དང་ཞེ་སྣང་ཞིག་དུས་མཉམ་དུ་སྐྱེས་བྱུང་། རྒྱུ་མཚན་དུས་རབས་གསར་བའི་འཕེལ་རྒྱས་ནི་མིས་བློ་ཡིད་དུ་ཤོང་ཐབས་མེད་པའི་སྒོ་ནས་དུས་ཚོད་སྐར་ཆ་རེ་ལ་འགྱུར་བ་བླ་ལྷག་ཏུ་འབྱུང་བཞིན་ཡོད། ས་གནས་དང་མི་རིགས། རྒྱལ་ཁབ། མིའི་རིགས་ཀྱི་སྔོན་ཐོན་དང་རྗེས་ལུས་ཀྱི་ཚད་གཞི་ནི་སྲིད་འབྱོར་རིག་གསུམ་གྱི་ཆ་ནས་བསྙད་དགོས་ལ། འགྲན་རྩོད་ཆེ་ཤོས་ཀྱང་དེ་ཡིན་པ་རེད། འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ན་ཡང་། ཡར་རྒྱས་སུ་འགྲོ་དགོས་ན་གཙོ་བོ་མི་ལ་བརྟེན་དགོས་ལ། ལྷག་དོན་མི་འཇོན་ཐང་ཅན་ལ་ངེས་པར་དུ་བརྟེན་དགོས་པ་ཆོས་ཉིད་རེད། 

           མི་ནི་སློབ་གསོ་ལ་མ་བརྟེན་པར་ཡར་རྒྱས་ཤིག་རྩ་བ་ནས་འབྱུང་ཐབས་མེད་ལ་གླེང་ཐབས་ཀྱང་མེད། མིའི་རིགས་ལ་མཛད་རྗེས་བླ་མེད་བསྐྲུན་པའི་ཕྱི་ནང་གི་མཛངས་མི་མང་བོ་ཞིག་ཀྱང་སློབ་གསོའི་རྩི་བཅུད་བཟང་བོ་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཕྱི་གསལ་ནང་གསལ་རེད། དེའི་ཕྱིར་སློབ་གསོ་ནི་ས་ལྒང་རིལ་མོ་འདིའི་དུས་རབས་དང་སྤྱི་ཚོགས། འཚོ་གནས་རང་བཞིན་གྱི་འགྲན་རྩོད་དྲག་ཤོས་དང་ཆེ་ཤོས་སུ་མ་གྱུར་རང་གྱུར་རེད།

             ད་ལྟའི་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་།  འགྲན་རྩོད་འདི་ལ་༼ དུད་སྤྲིན་དང་ཟུངས་ཁྲག་མི་མཐོང་བའི་གཡུལ་འཁྲུག་ཆེན་མོ་༽ རུ་འབོད་ཀྱིན་ཡོད། འདི་འདྲའི་དམག་འཁྲུག་ཆེ་ཤོས་ཅིག་ལ་ཞུགས་དགོས་ན། དམག་དཔོན་ལྟ་བུའི་དགེ་རྒན་རྣམས་ལ་གྲ་སྒྲིག་ཅི་ཡང་མེད་པར་འཛམ་གླིང་རང་བཞིན་གྱི་དམག་འཁྲུག་ཆེན་མོ་འདི་ལ་ཞུགས་རྐྱང་བྱས་པའི་མཇུག་འབྲས་ནི་མིའི་བློ་ཡིད་དུ་ཤོང་ཐབས་མེད་པ་ཞིག་རེད། 

             དམག་དཔོན་ཞིག་ལ་འཇོན་ནུས་ག་འདྲ་ཡོད་ཀྱང་། འཕེལ་རྒྱས་ཁྲོད་ཀྱི་འཛམ་གླིང་དང་འཛམ་གླིང་ཁྲོད་ཀྱི་འཕེལ་རྒྱས་དང་ཛ་དྲག་ཆེ་བའི་མི་ཤི་རྟ་འགྱེད་ཀྱི་དམག་འཁྲུག་ཞིག་ལ་ཞུགས་དགོས་ན། དེ་ལ་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་པ་རེད། དཔེར་ན། དམག་འཁྲུག་གི་དུས་ཚོད། ས་བབ། གནམ་གཤིས། ཕ་རོལ་དགྲ་བོའི་དམག་མི། མཚོན་ཆ། ལེགས་ཉེས་སོགས་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་ཞིག་བྱས་རྗེས། དེ་ལས་ངེས་པར་དུ་རྒྱལ་ཐུབ་པའི་འཐབ་ཇུས་ཞིབ་མོ་དང་རྣམ་དག འཁྲུལ་མེད་ཅིག་འདོན་དགོས་པ་དང་། རང་ངོས་ནས་ཐབས་བརྒྱ་ཇུས་སྟོང་གིས་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས། 

             དམག་དཔོན་ཞིག་ལ་གྲ་སྒྲིག་ཅི་ཡང་མེད་པར་འཛམ་གླིང་གི་ཛ་དྲག་ཆེ་བའི་གཡུལ་འགྱེད་འདི་ལ་སང་ཉིན་དམག་བརྡ་བརྒྱབ་མ་ཐག  རང་གི་དམག་འཁྲུག་ཚོ་ཁྲིད་ནས་དམག་འཁྲུག་ལ་ཞུགས་ན། ང་ཚོ་ལ་གཡུལ་ལས་རྒྱལ་བའི་གདེང་ཚོད་དང་ཆོད་སེམས་ཤིག་ཡོད་དམ། གཏན་ནས་མེད་དོ། 

            དེ་བཞིན་དུ་ང་ཚོ་མི་རིགས་སློབ་གསོའི་ལས་གནས་སྟེང་ན་དཔེ་ཁྲིད་མི་སྐྱོང་གི་བྱ་བཞག་རླབས་པོ་ཆེ་ཁུར་དུ་ཁྱེར་བཞིན་པའི་དགེ་རྒན་སུ་ཞིག་ལ་མཚོན་ན་ཡང་། སང་ཉིན་གྱི་སློབ་ཁྲིད་ལ་བསམ་བློའི་གྲ་སྒྲིག་དང་རྒྱུ་ཆའི་གྲ་སྒྲིག་ཅིག་ངེས་པར་དུ་མཁོ་ལ། ཐོག་མར་བསམ་བློའི་ཐད་ནས་སང་ཉིན་གྱི་སློབ་ཁྲིད་ཇི་ལྟར་བྱས་ན། ད་གཟོད་སློབ་མ་རྣམས་ཀྱིས་ཤེས་ཐུབ། རྟོགས་ཐུབ་མིན་ལ་བསམ་བློ་ཡང་ཡང་བཏང་། ཞིབ་འཇུག་ཡང་ཡང་བྱས། ཐབས་ལམ་ཡང་ཡང་བཙལ་ཏེ་རང་གི་ཉེས་ཆ་སྤང་། ལེགས་ཆ་བསྡུ་བའི་ཀུན་སློང་ངམ་བསམ་བློ་རྣལ་མ་ཞིག  ལྷག་བསམ་གཙང་མ་ཞིག་ཅིས་ཀྱང་དགོས་ལ། དེ་ནས་སློབ་ཁྲིད་ཀྱི་བརྗོད་བྱ་དང་རྗོད་བྱེད། བརྗོད་སྙིང་། ཁྱད་ཆོས། ཁྲིད་ཐབས། དེ་ལ་མེད་དུ་མི་རུང་བའི་ཁྲིད་ཆས་༼ བརྙན་དང་པར་རིས། ཅ་ལག སློབ་མའི་བློ་ཁ་དང་འཚམ་པའི་དྲི་ཤོག་སྣ་ཚོགས་སོགས༽དང་།  དུས་ཚོད་༼ དགེ་རྒན་དང་སློབ་མའི་དུས་ཚོད། དགེ་སློབ་མཉམ་འབྲེལ་གྱི་དུས་ཚོད། དོགས་སློང་གི་དུས་ཚོད། གནད་སེལ་གྱི་དུས་ཚོད། བསམ་གཞིགས་ཀྱི་དུས་ཚོད་སོགས་བཀོད་སྒྲིག་བྱེད་དགོས་པ་༽དང་།  བྱ་འགུལ་༼ དགེ་རྒན་གྱི་བྱ་འགུལ། སློབ་མའི་བྱ་འགུལ། དགེ་སློབ་གཉིས་ཀའི་ཐུན་མོང་མཉམ་འབྲེལ་གྱི་བྱ་འགུལ། སློབ་མ་རིས་མེད་ཀྱི་ཤེས་རིག་བསྔུ་ལེན་བྱེད་བཏུབ་པའི་བྱ་འགུལ་སོགས་༽དང་། ལས་བྱ་ཡང་སློབ་མའི་བསམ་གཞིགས་ཀྱི་ནུས་པ་སྐྱེད་བསྲིང་དང་རྨང་གཞི་སྲ་བརྟན། སྤྲོ་སྣང་སྟེར་ཐུབ་པ་སོགས་ལས་བྱའི་སྤུས་ཚད་གཙོ་བོ་འཛིན་པ་ལས་ས་ཆོད་དང་ནུས་པ་མེད་པའི་གྲངས་ཚད་ཁོ་ན་ལ་སྲོག་མི་འཇོག་པར། སློབ་མ་བློ་རབ་འབྲིང་ཐ་གསུམ་ལ་ཤེས་རིག་གི་རྒྱགས་ཕྱེ་བསྡུ་ལེན་འཆའ་སའི་ཁོར་ཡུག་ངེས་དོན་དང་མཐུན་པ་ཞིག་སྐྲུན་དགོས། ལྷག་དོན་སློབ་མའི་ཤེས་རིག་དང་བསམ་བློ། ཀུན་སྤྱོད་སོགས་ལ་དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་ཁྲོད་སྣེ་ཁྲིད་བཟང་བོ་བྱེད་དགོས། སློབ་ཁང་སློབ་ཁྲིད་ནི་རང་ག་བ་ཞིག་མ་ཡིན་པར་ཚན་རིག་ཅིག་དང་སྒྱུ་རྩལ་ཞིག་ཡིན་པས། དགེ་རྒན་རྒན་གཞོན་དང་ཤེས་འཇོན་ཅན་ག་འདྲ་ཞིག་ཡིན་ཀྱང་། དུས་རབས་རང་བཞིན་གྱི་གཡུལ་འགྱེད་དྲག་ཤོས་འདི་ལ་གྲ་སྒྲིག་ཅི་ཡང་མེད་པར་སང་ཉིན་ཚོགས་བརྡ་བརྒྱབ་མ་ཐག  དཔེ་དེབ་མཆན་འོག་ཏུ་བཙིར་ནས་ཁྲིད་སྟེགས་སུ་རང་སྣང་གང་དྲན་དུ་བུད་ན་ནི། ང་ཚོའི་སློབ་གསོའི་ངོས་ནས་གྲུབ་འབྲས་ཤིག་ལེན་ཐུབ་བམ། མི་ཐུབ་ལ། ང་ཚོ་ཕམ་ཁོ་ཐག་རེད། 

         དོན་ངོ་མར་ང་ཚོས་སེམས་ལྷོད་ལ་བབས་ནས་བསམ་བློ་ཞིབ་ཚགས་ཤིག་བཏང་ན། འཛམ་གླིང་གི་གཡུལ་འགྱེད་དྲག་པོ་ཞིག་ལ་ཞུགས་ནས་ང་ཚོ་ཕམ་ན། མི་བརྒྱ་ཕྲག་དང་སྟོང་ཕྲག་མང་བོའི་གཅེས་པའི་སྲོག་བརླགས་རྒྱུ་དེ་རེད། ཡིན་ཡང་ང་ཚོ་སློབ་གསོའི་ངོས་ནས་ཕམ་ན། མི་རབས་ནས་མི་རབས་དང་ང་ཚོའི་བུ་རབས་ཚ་རྒྱུད་དམྱལ་བའི་གཏིང་རྡོར་འཕངས་པའི་ནག་ཉེས་ཤིག་རང་ངོས་ནས་སྐྲུན་དང་བསྐྲུན་བཞིན་ཡོད། 

        འདི་ནི་གྲ་སྒྲིག་མེད་པའི་ཛ་དྲག་གི་དམག་འཁྲུག་དང་སློབ་གསོའི་ཐད་ཀྱི་ཧེ་བག་དང་ཡང་ན་མཇུག་འབྲས་ངན་པ་དེ་ཡིན་པར་རང་ངོས་ནས་ནམ་ཀུན་སེམས་ཀྱིན་ཡོད་ལ།  གྲ་སྒྲིག་ཟེར་བ་ནི་དོན་ངོ་མར་སློབ་གསོ་རྒྱལ་ཁའི་ལམ་དུ་བསྐྱོད་པའི་སྒུལ་ཤུགས་གཙོ་བོ་དེ་ཡིན་པར་འདས་མ་ད་གསུམ་ལ་ར་སྤྲོད་ཚུགས་ཐུབ་ཅིག་ད་རུང་བྱ་ངེས་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།