དཔོན་ཉམས་རིང་ལུགས་དྲུངས་ནས་དབྱུང་དགོས།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར།དུས་ཚོད།   2018-04-11རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             འོ་སྐོལ་གུང་ཁྲན་ཏང་ཡོན་ཡིན་པ་མི་བརྗེད་པར་འཚལ། ང་ཚོ་ནི་གསར་བརྗེ་བ་ཡིན་པས་གསར་བརྗེའི་སྙིང་སྟོབས་གཏན་ནས་ཉམས་མི་རུང་།  

             ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཞིབ་གྲོས་འཛིན་གྲྭར། བློ་མཐུན་ཞི་ཅིན་ཕིང་གིས། གུང་ཁྲན་ཏང་ཡོན་ཞིག་ཡིན་ན་དཔོན་པོར་འདུག་རྒྱུ་མ་ཡིན་པར་གཙོ་བོ་གསར་བརྗེའི་ལས་ལ་རེམ་དགོས། རྨི་ལམ་ཚུར་ཆུད་དུ་རང་ཉིད་གསར་བརྗེ་བ་ཞིག་ཡིན་པ་བརྗེད་དུ་མེད་པར་དཔོན་ཉམས་རིང་ལུགས་གཙོར་བྱེད་པའི་བསམ་བློ་ཐ་ཤལ་དང་ཀུན་སྤྱོད་ངན་པ་དག་ཐེར་བྱ་དགོས། ཞེས་ངེད་ཅག་ལ་སྙིང་ཕུར་གདབས་པའི་བསླབ་བྱ་ཡང་བསྐྱར་གནང་སོང་།   

            ལིའེ་ཉིང་གིས། གལ་ཏེ་བྱ་བ་གང་ཞིག་གིས་ང་ཚོ་ཆག་ཆེ་དང་ཉམ་ང་འགྲོ་ཟེར་ན་དེ་ནི་དཔོན་ཉམས་རིང་ལུགས་ཡིན། ཞེས་གསུངས། སྤྱི་ལོ1921ལོར། ཀྲུང་གོའི་འཛིན་མའི་ཁྱོན་ལ་ཏང་གི་ཉི་གཞོན་ཐོག་མར་འཕྲོས་ཤིང་། སྐབས་དེར་ཏང་ཡོན50ལྷག་ལས་མེད་ཀྱང་། ས་བདག་དང་དམག་ཤེད་ཅན། བཙན་རྒྱལ་རིང་ལུགས་བཅས་ཀྱི་སྟོབས་ཤུགས་ལས་འགོངས་པར་བྱས། དུས་དེར། སྤྱི་ཚོགས་གསར་བརྗེ་ལག་བསྟར་དང་རྒྱལ་སྐྱོབ་དམངས་སྐྱོབ་ཉེན་ཁའི་གནས་སུ་ལུས། དེང་སང་གུང་ཁྲན་ཏང་ནི་འཛམ་གླིང་གི་སྲིད་ཏང་ཀུན་གྱི་ཡང་རྩེར་ཕྱིན། ཡིན་ནའང་། ཏང་ཡོན་འགའ་ཤས་ཀྱི་གསར་བརྗེའི་སྙིང་སྟོབས་ཀུན་ནས་ཉམས་པར་མ་ཟད། རང་ཉིད་ཀྱི་ལས་འགན་ཀྱང་ཡོངས་སུ་སྟོར་ནས་དཔོན་ཉམས་རིང་ལུགས་ཀྱི་ངན་གཤིས་གོམས། དཔོན་ཉམས་རིང་ལུགས་ཀྱིས་ཏང་གི་གཤིས་སྤྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་། ཏང་གི་ལས་དོན་ལའང་ཤུགས་རྐྱེན་ངན་པ་ཐེབས། གུང་ཁྲན་ཏང་དུས་རྣམ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགོ་ཁྲིད་ཀུན་གྱི་ཀ་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་ལྟ་བུར་འགྱུར་དགོས་ན། ངེས་པར་དུ་དཔོན་ཉམས་རིང་ལུགས་དྲུངས་ནས་དབྱུང་དགོས།   

            དཔོན་ཉམས་རིང་ལུསས་ཀྱིས་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་བྱས། འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཏང་དང་མི་དམངས་ཀྱིས་བཀོད་སྒྲིག་བྱེད་པའི་ལས་ཀ་རང་ཉིད་ཀྱི་འཚོ་ཚིས་དང་ལས་དོན་དུ་བསམ། ཟླ་ཕོགས་ལ་ཁ་གདངས་ནས་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་བྱས་ནས་གཞུང་དོན་གང་ལའང་གཡོལ་ཐབས་བྱས། དེ་བས། ཁོ་ཚོ་ཆ་རྐྱེན་ཞན་པའི་གཞི་རིམ་ལ་རྟོག་ཞིབ་ཏུ་འགྲོ་བར་མི་དགའ་ཞིང་། རྟག་པར་གཞུང་ལས་ཁང་དུ་བསྡད་ནས་ཡིག་ཆ་རྫུན་བཟོ་དང་བཤུ་འབྲི། བསྐྱར་པར། དཔེ་ཆའི་ནང་གི་ནང་དོན་ཤོག་དཀར་ངོས་སུ་ཕབ་པ་སོགས་བྱེད་པ་ཀུན་ནས་གོམས། ཚོགས་འདུ་ཁ་ཤས་འཚོགས་པ་དང་ཡིག་ཆ་ཁ་ཤས་བཀྲམ་ནས་རང་ཉིད་ཚིམ་པར་བྱས། གོང་མར་སྤྲེལ་ལད་འཁྲབ་ཅིང་འོག་མར་ལྦུ་བའི་གཅམ་ཚིག་སྨྲ་བ། གཞན་ཕན་དང་དོན་མཐུན་གྱི་ལས་ཀ་གཏན་ནས་མི་བསྒྲུབ། གནད་དོན་ལ་འཕྲད་སྐབས་གནོན་ཅི་ཐུབ་བྱེད་པ་དང་། གནོན་མ་ཐུབ་ཚེ་གཡོལ་ཐབས་བྱས་ཤིང་གཡོལ་མི་ཐུབ་དུས་ཕྱི་འགྱངས་བྱས། ཚིག་བརྒྱ་མདོར་དྲིལ་ན། དོན་དངོས་ལ་མི་གཞོལ་བ་དང་གནད་དོན་གང་ལའང་གཡོལ་ཐབས་བྱས། གནའ་མིའི་ཁ་རྒྱུན་དུ།  དཔོན་པོ་དོན་ལ་མི་གཞོལ་བ་རང་གཞན་ཉམས་པའི་རྒྱུ། ཞེས་བཤད།  

            དཔོན་ཉམས་རིང་ལུགས་ཀྱིས་རྒྱུན་པར་མང་ཚོགས་ལ་དཔོན་རྒན་གྱི་ཉམས་བཏོན། མི་འདི་དག་གིས་དཔོན་གྱི་འགན་ཁུར་ཆེས་ན་མང་ཚོགས་དང་རིང་དུ་གྱེས་ཤིང་། བསམ་བློ་རུལ་སུངས་སུ་གྱུར་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་ལས་ལྡོག་ཏེ་རང་ཉིད་གདོད་ནས་དཔོན་པོ་ཡིན་པ་འདོད་ཅིང་། གཞི་རིམ་གྱིས་ཁོ་ཚོའི་ཁ་ལ་མཉན་དགོས་པ་དང་། མང་ཚོགས་ཀྱིས་ཁོ་ཚོར་ཞབས་ཞུ་བསྒྲུབ་དགོས་པའི་འདུ་ཤེས་སྐྱེས། ལས་ཀའི་ཁྲོད་ནས་ཁོ་ཚོས་རང་ཉིད་མང་ཚོགས་དང་འདྲ་མཉམ་ཡིན་མི་བསམ་པར། དཔོན་ཚུགས་མངོན་པ་དང་སྐད་ཆ་ཚོན་པོ་བཤད་པ། མང་ཚོགས་ཀྱི་བསམ་ཚུལ་མི་འདྲ་བར་ཁ་ཡ་མི་བྱེད་པར་རང་གི་འདོད་བློ་ལྟར་བྱ་བ་ཐག་གིས་བཅད་དེ་དམངས་གཙོ་ལ་གཏོར་བརླག་གཏོང་བ་སོགས་དཔོན་ཉམས་རིང་ལུགས་ཀྱི་གཤིས་སྤྱོད་ཡིན། འཚོ་བའི་ཁྲོད་ནས་ཁོ་ཚོས་གཞུང་སྒེར་ཁ་ཁར་མི་འབྱེད་པར་གཞུང་རྒྱུ་བེད་སྤྱད་ནས་རང་གི་ཁྱིམ་ཚང་གི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། གཞུང་དོན་ལ་ཁ་གཡར་ནས་ཆ་རྐྱེན་འཛོམས་སའི་གྲོང་ཁྱེར་དུ་སོང་ནས་སྐྱིད་ལ་རོལ་བ་དང་རྒྱས་སྤྲོས་བྱས་ཏེ་མང་ཚོགས་ཀྱི་རྒྱུ་ནོར་འཕྲོག་བརླག་ཏུ་བཏང་། མཇུག་མཐར། མི་འདི་དག་ཁྲིམས་དང་འགལ་ཞིང་ཐ་ན་ནག་ཉེས་ཆེན་པོ་བཟོ་ངེས་ཡིན། 

          དཔོན་ཉམས་རིང་ལུགས་ནི་མང་ཚོགས་ཀྱི་མིག་ནང་གི་ཚེར་མ་ལྟ་བུ་ཡིན། གལ་ཏེ། ལས་བྱེད་པས་མང་ཚོགས་ལ་སེམས་ཁུར་མི་བྱེད་པ་དང་ཞབས་ཞུ་མ་བསྒྲུབས་ཚེ། མང་ཚོགས་དང་རིང་དུ་གྱེས་ངེས་ཡིན། དེ་ལྟར་སོང་ན་མང་ཚོགས་ཀྱིས་ལས་བྱེད་པ་དགྲར་འཛིན་པར་མ་ཟད། གུང་ཁྲན་ཏང་ལ་སྡང་སེམས་སྐྱེ་ངེས་ཡིན། གུང་ཁྲན་ཏང་ནི་བྱུང་ཡང་མི་དམངས་རང་ལས་བྱུང་ཐིམ་ཡང་མི་དམངས་རང་ལ་ཐིམ་དགོས། གོང་འོག་གི་ལས་བྱེད་པ་སུ་ཞིག་ཡིན་ཡང་མི་དམངས་དང་རིང་དུ་གྱེས་ཚེ། དེ་ནི་རྣམ་ཤེས་བོར་བའི་བེམ་གཟུགས་དང་ཀུན་ནས་མཚུངས།  

         བློ་མཐུན་ཞི་ཅིན་ཕིང་གིས་ང་ཚོར་འགན་གཙང་སྒྲུབ་ཕྱོགས་ནས་མིག་དཔེ་བསྟན་ཡོད་དེ། ཁོང་གིས། བདག་གི་སྲིད་སྐྱོང་གི་འདུ་ཤེས་མདོར་བསྡུས་ན་མི་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན། ཞེས་གསུངས། ཉིན་ཤས་སྔོན། ཁོང་གིས་ཡང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་སྤྱོད་ལ་དམིགས་ནས་སློབ་སྟོན་གལ་ཆེན་གནང་བ་དང་། གོང་འོག་གི་འགོ་ཁྲིད་ལས་བྱེད་པས་རང་ཉིད་ནས་མགོ་བརྩམས་ཏེ་ཡ་རབས་སྤྱོད་བཟང་གི་ལས་ལ་འབད་དགོས། འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་རེ་འདུན་ཡིད་ལ་བཅངས་ནས། མི་དམངས་ལ་ཞབས་ཞུ་བསྒྲུབ་པ་ལས་ཀ་ཀུན་གྱི་གཞི་མ་ཡིན་ངེས་ཏིག་གསལ་བོར་འདྲོང་དགོས་སོ། །

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།