རྣམ་ཤེས་ཀྱི་བོར་སྟོར།

རྩོམ་པ་པོ།   ཀྲོའུ་གོ་ཕིང་གིས་བརྩམས། གཞོན་ནུས་བསྒྱུར།དུས་ཚོད།   2018-04-10རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            དེང་རབས་འཚོ་བའི་ཁྱད་ཆོས་གཅིག་ནི་རྣམ་ཤེས་བོར་བའམ་བླ་འཁྱམ་པ་དེ་རེད། དཔེར་ན་མི་སེམས་རླུང་དང་འགྲོགས་པའི་བྲེལ་འཚུབ་ཀྱི་རྣམ་པ་དང་། རང་བྱུང་ཁམས་དང་རྒྱང་དུ་བཀྱེད་པ། སྲོལ་རྒྱུན་གྱི་བོར་སྟོར། ཁོར་ཡུག་གི་གཏོར་བརླག མི་དང་མིའི་དབར་གྱི་འགྲོགས་འདྲེས་ཉུང་དུ་ཕྱིན་པ་སོགས་ལས་གསལ་བོར་མཐོང་ཐུབ་ཅིང་། ཡིད་སྐྱོ་བའི་གནས་ཚུལ་འདིར་གཞིགས་ཏེ་ཐྲོམ་སི་མོར་གྱིས་ཀྱང་རྣམ་ཤེས་དང་འབྲེལ་བའི་གནའ་དེང་གི་ལེགས་བཤད་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་ཁ་བྱང་ལའང་རྣམ་ཤེས་ཀྱི་སློབ་གསོ་ཞེས་བཏགས། རྩོམ་པ་པོས་ཀླད་ཀྱི་གཏམ་འདི་སྐད་དུ་བྲིས་འདུག ང་ཚོའི་དུས་རབས་འདིའི་གནད་དོན་ཆེ་ཤོས་ནི་སློབ་གསོ་ཉུང་ལ་ཁ་ཏ་མང་དྲགས་པ་དེ་རེད། ཁོས་ནི་སློབ་གསོ་ཟེར་བ་དེ་མིའི་བག་ལ་ཞ་བའི་ནུས་པ་སྔོག་པའི་སྒྱུ་རྩལ་ཞིག་དང་། གཏིང་ཟབ་མོས་བཤད་ན་དེ་ནི་རྣམ་ཤེས་ཀྱི་གཏིང་མཐའ་སྔོག་པའི་སྒྱུ་རྩལ་ཞིག་ཏུ་ངོས་བཟུང་འདུག ང་རང་གི་གོ་བ་ལྟར་ན་ཡང་སློབ་གསོ་ངོ་མ་ནི་རྣམ་ཤེས་གཉིད་ལས་དཀྲོགས་ཏེ་མི་ཚེ་ཧྲིལ་བོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཐུབ་པ་དེ་རེད། དེ་ལས་ལྡོག་པར་རྣམ་ཤེས་བོར་བའི་མི་ཞིག་ཡིན་ཚེ། ཁོ་རང་གི་གོ་གནས་དང་ཡོན་ཚད་ཅི་འདྲ་མཐོ་ཡང་ང་ཚོས་ནམ་ཡང་ཁོ་ནི་སློབ་གསོ་མ་མྱངས་བའི་གླེན་པ་ཞིག་ཏུ་བརྩི་བ་ཐག་གིས་ཆོད།

            ཁྱད་དུ་འཕགས་པའི་མི་ཞིག་ཡིན་ཡང་ཁོས་ཀྱང་ཆེས་སྤྱིར་བཏང་གི་འཚོ་བ་རོལ་དགོས་ཀྱི་ཡོད། རྣམ་ཤེས་དང་འགྲོགས་པ་ཟེར་དུས་དེ་ནི་རི་ཁྲོད་འགྲིམས་ཏེ་སྒོམ་རྒྱག་པ་ལྟ་བའི་ཐལ་མཐའ་བའི་རིགས་ལ་ཡང་མི་གོ་ལ། དེ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ནང་བསམ་པས་འཚོལ་སྙེགས་དང་ལོངས་སྤྱོད་དུ་གོ་ཆོག འདི་ནི་རྩོམ་པ་པོས་བཤད་པའི་ཕལ་བའི་སངས་རྒྱས་ཞེས་པ་དེ་རེད། ཁོས་ཕལ་བའི་འཚོ་བ་སྐྱེལ་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ཞེས་པའི་གཏམ་འདིར་ང་རང་ཤིན་ཏུ་འཐད། ལྷག་པར་དུ་དེང་གི་དུས་འདིར་རྫོགས་རྒྱུ་མེད་པའི་འཛད་སྤྱོད་དང་ངལ་ལས་ཀྱིས་རྣམ་ཤེས་ལ་ལོངས་སྤྱོད་ཀྱི་ཁོམ་ལོང་སྤུ་ཙམ་ཡང་སྟེར་གྱི་མེད་པའོ། །

            འཚོ་བའི་རྣམ་པ་ནི་ཕུན་སུམ་ཚོགས་ཀྱང་སྤུས་ཀ་ནི་རྣམ་ཤེས་ཀྱི་གཟུང་གཞུག་ཡོད་མིན་ལ་ཐུག

            དུས་ཀྱི་ཆ་ནས་མི་ཞིག་གི་འཚོ་བ་ཁག་གཉིས་སུ་དབྱེ་ཆོག་སྟེ། དེ་ནི་ལས་ཀ་དང་ངལ་གསོ་རེད། ཕུལ་དུ་བྱུང་བའི་ལས་ཀ་ནི་རང་རང་གི་རྣམ་ཤེས་ཀྱི་གནས་མལ་ལྟ་བུའི་ལས་ཀ་རེད་ལ། རྩོམ་པ་པོ་ན་རེ། རང་ཅག་གི་རྣམ་ཤེས་དང་གང་ལ་འཇུག་པའི་ལས་དེ་གཉིས་འགལ་བ་ལྟག་སྤྲོད་དུ་མ་སོང་བར་ཆུ་དང་འོ་མ་བཞིན་ངོ་བོ་དབྱེར་མེད་དུ་འདྲེས་གྱུར་ན། དེ་ལས་གྲུབ་པའི་རྟགས་མཚན་ཞིག་ཐོན་སྲིད་པ་མ་ཟད་ཉིད་ཀྱི་སྡུག་བསྔལ་ཡོད་ཚད་སེལ་ངེས་ཞེས་བྲིས་འདུག མི་ཚང་མ་རང་རང་གི་འདོད་པ་ནང་ལྟར་གྱི་ལས་ལ་འཇུག་མི་ཐུབ་རུང་། རང་རང་གི་སེམས་ཤུགས་ཡོད་རྒུ་འདོན་མོས་པའི་ལས་ནི་ད་གཟོད་རང་གི་ལས་ཀ་ངོ་མ་དེ་ཡིན་ངེས་ལ། དེ་ནི་ཞོར་ལས་ཡིན་ཡང་ཆོག མི་ཞིག་གི་ལས་ཀར་རིན་ཐང་ཡོད་མེད་ནི་ཁོས་ལས་དེ་སྒྲུབ་པའི་སེམས་ཤུགས་ལས་མཚོན་ཞིང་། ཁྱེད་རང་ལས་གང་ལ་འཇུག་རུང་ཅི་ཐུབ་གང་ཐུབ་དང་ཁ་ཞེ་གཉིས་མེད་ཀྱིས་བསྒྲུབ་ཚེ་ཁྱེད་ཀྱིས་དེ་ལས་བདེ་བ་འཐོབ་སྲིད། ངལ་གསོའི་སྤུས་ཀ་ཟེར་བ་ནི་རྣམ་ཤེས་ཀྱི་བདེ་བར་གོ་ཞིང་། རྣམ་ཤེས་བོར་ཟིན་པའི་མི་ཞིག་གིས་ཚད་མཐོན་པོས་འཛད་སྤྱོད་བྱས་ཀྱང་དེ་ནི་རང་གི་ངལ་གསོའི་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་ཙམ་མོ།

            ཡུལ་གྱི་ཆ་ནས་རང་བྱུང་དང་མིས་བཟོས་རིགས་གཉིས་སུ་དགར་ཆོག་སྟེ། གལ་ཏེ་རང་བྱུང་ཁམས་ནི་རྣམ་ཤེས་ཀྱི་ཕ་ཡུལ་དང་ལོག་མལ་དངོས་ཡིན་ན། མིས་བཟོས་ཁང་ཁྱིམ་ནི་རྣམ་ཤེས་ཀྱི་གནས་སྐབས་ཀྱི་ཁྱིམ་གཞི་ཙམ་ཡིན་ངེས། རྩོམ་པ་པོ་ན་རེ། རང་བྱུང་ཁམས་དང་ཁང་ཁྱིམ་ཀུན་ལའང་འདྲེས་ཤིང་འགྲོགས་དགོས་ཟེར། རྣམ་ཤེས་གཅེས་པར་བཀུར་བའི་མི་ཞིག་ཡིན་ཚེ་རང་བྱུང་ཁམས་ཀྱི་རི་སིལ་རེ་རེ་དང་། ཐ་ན་རྩྭ་ཕྲན་རྐང་གཅིག་ལའང་རང་ཉིད་ཀྱི་ཚེ་སྲོག་དང་གཏམ་རྒྱུད་ཡོད་ངེས།

            དེ་བཞིན་དུ་རང་ཁྱིམ་གྱི་བྱ་དངོས་ཙག་ཙིག་སྟེ། སྒོ་བར་གྱི་འཛེར་མ་སྒྲིམ་པའམ་སྒེའུ་ཁུང་ལེབ་མོ་ཕྱིས་བ་ཙམ་གྱིས་ཀྱང་ཁྱེད་ཉིད་རང་གི་ཁང་བར་སྔར་བས་དུང་བ་སྐྱེས་སྲིད། ཚེ་རབས་མང་པོའི་རིང་ལ་ཕུག་གི་མི་དང་མགོ་ཡི་ཁང་ཁྱིམ་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་ཤིང་འགྲོགས་ནས་ཡོད་དེ། དེ་ནི་སྔོན་སོང་ལོ་རྒྱུས་དང་ཕྱིར་དྲན། ཁྲག་རྒྱུད་དང་དད་པ་བཅས་དང་འབྲེལ་བ་ཡོད་པས་ལོས་ཡིན། ཡིན་ནའང་དེང་གི་མི་ནི་རི་རབ་ལྟ་བུའི་ཁང་བརྩེགས་ཀྱི་གསེང་ནས་བོར་གྱིན་བོར་གྱིན་སོང་། ང་ཚོས་ཁང་ཁྱིམ་གྱི་མཛེས་བཟོར་དཀའ་བའི་ཚེགས་དང་དཀོན་མོའི་རྒྱུ་ཡིས་འགྲོ་སོང་བསམ་གྱིས་མི་ཁྱབ་ནའང་། ཁང་བ་ནི་སྔར་བཞིན་རང་ལས་ལོགས་སུ་ཡོད་པས་ན། ང་ཚོ་ནི་སྔར་བཞིན་གནས་ལ་ངེས་པ་མེད་པའི་འཁྱམ་པོ་ཏག་ཏག་གོ།

           མི་དང་མིའི་འབྲེལ་བར་ཁེར་རྐྱང་དང་འགྲོགས་འདྲེས་གཉིས་ལས་མེད་དེ། འགྲོགས་པ་ནི་གཉེན་སྒྲིག་དང་ཁྱིམ་ཚང་། གྲོགས་པོ་དང་རུ་ཁ་ཁྱིམ་མཚེས་སོགས་དེ་ལས་ཐག་རིང་གི་འབྲེལ་བར་གོ་ལ། རྩོམ་པ་པོས་ཐུགས་ཁུར་ཆེ་ཤོས་ནི་མི་དང་མིའི་དབར་གྱི་འབྲེལ་འདྲེས་བོར་བ་དེ་རེད། འཕྲིན་ཡིག་དང་། ཉིན་ཐོ། ཁ་བརྡ་སོགས་ནི་རྣམ་ཤེས་ལ་ངེས་པར་མཁོ་བའི་འབྲེལ་འདྲེས་ཀྱི་ཐབས་ལམ་ཡིན་མོད། ད་ནི་ཉིན་མོའི་སྐར་མ་བཞིན་མཐོང་བའི་ཡུལ་དུ་དཀོན་ལ། ཡོད་ཚད་ཁེ་ཕན་དང་དྲ་རྒྱ་སོགས་ཀྱི་ཁ་ཟས་སུ་གྱུར་འདུག

          དེང་གི་མི་ནི་ཁེར་རྐྱང་ཡིན། ཡིན་ནའང་རྣམ་ཤེས་ཀྱི་བོར་སྟོར་ཐེབས་པས་ཁེར་རྐྱང་དེའང་ཆད་པ་ཁོ་ན་ཡིན་ལ། རྣམ་ཤེས་ཀྱི་འཚོ་བ་གཙིགས་སུ་འཛིན་མཁན་ཞིག་ལ་མཚོན་ན། མའོ་ཏུན་གྱི་སྐད་ཆ་ལྟར་ཁེར་རྐྱང་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་དང་། ཡང་ན་ཏི་ལི་ཞི་ཡི་སྐད་ཆ་ལྟར་ན། མི་ཚང་མར་ཐུན་མོང་གི་ཆོས་ལུགས་ཤིག་ཡོད་དེ། ཆོས་ལུགས་དེ་ལ་ཁེར་རྐྱང་གི་ཉམས་ལེན་ཞེས་བྱའོ། །

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།