གཉེན་སྒྲིག་ཡི་གེ་མེད་ན་ཕོ་མོ་མཉམ་འདུག་བྱས་ཆོག་གམ།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས་ཀྱིས་རྩོམ་སྒྲིག་བྱས།དུས་ཚོད།   2018-04-04རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གྱོད་བཤད།

         ཉེ་སྔོན། གཉེན་སྒྲིག་ཡི་གེ་མེད་པའི་གཞོན་ནུ་ཕོ་མོ་གཉིས་མགྲོན་ཁང་ཞིག་ཏུ་ཞག་སྡོད་བྱེད་སྐབས། སྤྱི་བདེ་མི་སྣ་ཡོང་ནས་ཁོ་གཉིས་བཟུང་ནས་སྒོར་ལྔ་བརྒྱའི་ཆད་པ་བཅད། འདིར་དྲི་རྒྱུ་ཞིག་ལ་དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འཚམ་པ་ཞིག་ཡིན་ནམ། 

ཁྲིམས་བཤད།

         ཁྱོད་ཀྱིས་དྲིས་པའི་གྱོད་གཞི་འདི་ལྟ་བུ་ས་གནས་སོ་སོར་བྱུང་དང་འབྱུང་བཞིན་ཡོད་ལ། ན་གཞོན་ཕོ་མོ་རྣམས་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་དབང་གིས་ཤེས་མེད་ཚོར་མེད་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་བཟོས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཆད་པ་གཅོད་བཞིན་ཡོད་པས། ན་གཞོན་ཕོ་མོ་ཡོངས་ཀྱིས་དེའི་ཕྱོགས་ལ་དོ་སྣང་བྱེད་དགོས། ཐེངས་འདིར་སྤྱི་བདེ་ལས་ཁུངས་ཀྱིས་ན་གཞོན་ཕོ་མོ་འདི་གཉིས་ལ་ཆད་པ་སྒོར་ལྔ་བརྒྱ་བཅད་པ་ནི་ཁྲིམས་མཐུན་ཡིན་པར་མ་ཟད། སྤྱི་བདེ་མི་སྣས་གནས་བབ་དངོས་ལ་གཞིགས་ནས་དམིགས་བསལ་གྱི་ཆད་པ་བཅད་པ་ཞིག་ཡིན། ཅིའི་ཕྱིར་ཞེ་ན། རང་རྒྱལ་གྱི་བཅའ་ཁྲིམས《བདེ་འཇགས་དོ་དམ་ཆེད་གཅོད་སྲོལ་ཡིག》ཅེས་པའི་དོན་ཚན་སུམ་ཅུ་བའི་ཁྲོད། སྨད་འཚོང་མ་དང་ཡང་ན་བུད་མེད་གཞན་ལ་ལྐོག་ནས་འཁྲིག་སྤྱོད་བྱེད་པ་དང་འཁྲིག་སྤྱོད་ངོ་སྤྲོད་བྱེད་པ། དེ་མིན་སྨད་འཚོང་མཁན་དང་གཞང་འཚོང་མར་འཁྲིག་སྤྱོད་ངོ་སྤྲོད་བྱེད་པའམ་ཡང་ན་ཁྲིམས་འགལ་གྱི་འཆལ་སྤྱོད་བྱེད་པ་གཏན་འགོག་བྱ་དགོས་ཏེ། དེ་དང་འགལ་མཁན་ལ་ཉིན་བཅོ་ལྔ་མན་གྱི་བཀག་བསྐྱིལ་དང་ཐ་ཚིག་སྒྲོག་པའམ་དེར་འགྱོད་བཤགས་ཀྱི་དམ་བཅའི་ཡི་གེ་འབྲིར་འཇུག་པ། གཏན་འཁེལ་ལྟར་ཆད་པ་གཅོད་པ་དང་ངལ་རྩོལ་སློབ་སྦྱོང་བྱེད་པའི་ཆད་པ་གཅོད་པ། དེ་དང་མཉམ་དུ་སྒོར་སྟོང་ལྔ་མན་གྱི་དངུལ་ཆད་གཅད་ཆོག གཞན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་འགལ་མཁན་ལ་ཁྲིམས་ལྟར་ཉེས་དོན་ཐད་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས་ཞེས་གཏན་འཁེལ་བྱས་ཡོད་ལ། ཁོ་གཉིས་ཀྱི་བྱ་སྤྱོད་ནི་གཉེན་སྒྲིག་ཡི་གེ་མེད་པར་རང་འདོད་ལྟར་ཕོ་མོ་མཉམ་འདུག་བྱས་པ་ཡིན་པས་ཁྲིམས་འགལ་གྱི་བྱ་སྤྱོད་དུ་བརྩིས་ཆོག་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་འགལ་མེད་ནའང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག་དང་འགལ་ཡོད་པས་ཆད་པ་གཅད་ན་འགྲིག་གོ།

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།