མི་རིགས་སློབ་གསོ་ལ་མེད་དུ་མི་རུང་བའི་རྒྱུ་འགའ།

རྩོམ་པ་པོ།   དུས་ཚོད།   2018-03-28   རྩོམ་ཁུངས།    ནག་ཀྱྰ་བའི་སློབ་གསོ་འཕྲིན་སྟེགས།

 

               ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ང་དྲུག་ནི་ལྡུམ་ར་གཅིག་གི་མེ་ཏོག་དང་ཆུ་བོ་གཅིག་གི་ཉ་མོ། ཁྱིམ་གཞི་གཅིག་གི་བཟའ་མི་ལྟ་བུའི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྩ་ཁྲིམས་དང་ཚགས་ཡིག་སྣ་ཚོགས་སུ་ཆར་རྗེས་ཀྱི་མྱུ་གུ་བཞིན་བརྡོལ་བཞིན་ཡོད་པར་མ་ཟད།  ཚོགས་འདུ་ཆེ་ཆུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནའང་མ་ཎི་བཞིན་བཏོན་ཡོད་པས།  མི་རིགས་ང་དྲུག་གི་བདེ་སྡུག་ནི་ཀྲུང་གོ་ཧྲིལ་བོའི་བདེ་སྡུག་ཡིན་ལ།  མི་རིགས་ང་དྲུག་གི་འཕེལ་རྒྱས་ཀྱང་ཀྲུང་ཧྭ་མེས་རྒྱལ་གྱི་འཕེལ་རྒྱས་ཡིན་པ་སུས་ཀྱང་ཁས་ལེན་བྱ་བ་རེད།

            དེའི་ཕྱིར་མི་རིགས་འདྲ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་རྒྱུ་ནི་ལྡུམ་ར་གཅིག་དང་ཆུ་བོ་གཅིག ཁྱིམ་གཞི་གཅིག་གི་རྩ་བའི་ཁེ་ཕན་ལ་ཐད་ཀར་དུ་འབྲེལ་ཡོད་པས། བདེན་དོན་མཐའ་འཁྱོལ་སྒོས་མི་རིགས་སོ་སོའི་ལས་དོན་འཕེལ་རྒྱས་སུ་འགྲོ་དགོས་ན། མི་རིགས་སློབ་གསོ་ལ་གོང་བཀུར་དང་དེ་ཉིད་ཁ་མིན་དོན་གྱིས་འཕེལ་རྒྱས་སུ་གཏོང་དགོས། དེ་ནི་ང་ཚོ་མི་རིགས་སོ་སོའི་དར་རྒུད་དང་འཆི་གསོན་ལ་ཁ་ཚ་དགོས་གཏུགས་སུ་འབྲེལ་ཡོད་པས། མི་རིགས་སློབ་གསོ་ཡར་རྒྱས་ངོས་གཙང་ཞིག་ཡོང་དགོས་ན། མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ཀུན་ནས་སྨན་པའི་རྒྱུ་འགའ་ཡོད་པ་ནི་སྨོས་མ་དགོས་པས། འདིར་མི་རིགས་སློབ་གསོའི་འཕེལ་རྒྱས་བྱ་བ་ལ་མེད་དུ་མི་རུང་བའི་རྒྱུ་ཁ་ཤས་ཤིག་གླེང་བར་བྱའོ། །

     གཅིག  མི་རིགས་སློབ་གསོ་ལ་མི་རིགས་ཀྱི་སློབ་གྲྭ་མེད་མི་རུང་།

        སློབ་གྲྭ་ནི་སློབ་གསོ་བྱ་བའི་མ་ལག་ཁྲོད་ཆེས་གལ་ཆེ་བའི་དཔེ་ཁྲིད་མི་སྐྱོང་གི་བྱ་འགུལ་རླབས་ཆེན་སྤེལ་ས་དང་མི་ནུས་སྔོག་འདོན་བགྱི་བའི་བཟོ་གྲྭ་དངོས་ལྟ་བུ་ཞིག་ཡིན་པ་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་ཉམས་མྱོང་། ལོ་རྒྱུས་ཀྱི་བདེན་པ་ཇི་སྙེད་ཀྱིས་ང་ཚོར་ར་ཁ་གསལ་དུ་སྤྲད་ཡོད།

མི་རིགས་ས་ཁུལ་དུ་རང་ཉིད་ཀྱི་ཁྱད་ཆོས་འཛོམས་ཤིང་ནུས་པ་འབུར་དུ་ཐོན་པའི་སློབ་གསོའི་མ་ལག་འཐུས་སྒོ་ཚང་བ་ཞིག་སྒྲིག་འཛུགས་བྱ་རྒྱུ་ནི་མི་རིགས་སློབ་གསོ་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད་ལ།  དེའང་གཙོ་བོ་དམིགས་ཡུལ་ལྡན་ཞིང་སྒྲིག་གཞི་ཆ་ཚང་བ།  མ་ལག་འཛོམས་པ།  ནུས་པ་མཆིས་པ།  མི་རིགས་ཀྱི་ཁྱད་ཆོས་སོགས་རྩོལ་མེད་དུ་མངའ་བའི་སློབ་གྲྭ་ལེགས་པོ་ཞིག་མེད་ན།  མི་རིགས་སློབ་གསོ་འཕེལ་རྒྱས་ཟེར་བ་ནམ་ཀུན་གླེང་ཐབས་མེད།

       སློབ་གྲྭ་ནི་ཚན་རིག་དང་མཐུན་པའི་ཤེས་རིག་གི་རྩི་བཅུད་གཞིབས་སའི་ཕ་ས་ལྟ་བུ་དང་། མིའི་རིགས་ཀྱི་ཤེས་བྱ་དང་ལུས་པོ། སེམས་ཁམས་བདེ་ཐང་དང་ འབྲེལ་བའི་རྩལ་ནུས་སྦྱོང་སའི་ཞིང་མཆོག་ཀྱང་ཡིན་པས། སློབ་གྲྭ་ནས་འཐུས་སྒོ་ཚང་ཞིང་མ་ལག་འཛོམས་པའི་ཤེས་བྱ་སྣ་ཚོགས་བསྡུ་ལེན་ཡང་བྱེད་དགོས།དེས་ན་མི་རིགས་ཀྱི་ཤེས་རིག་རིག་གནས། རྩོམ་རིག་ལོ་རྒྱུས། ཆོས་ལུགས་ཡུལ་སྲོལ། སྐྱེས་ཁམས་ཁོར་ཡུག་སོགས་མིའི་རིགས་དང་འཛམ་གླིང་འཕེལ་རྒྱས་ལ་མཛད་རྗེས་བླ་ན་མཐོ་བའི་ཤེས་རིག་གི་མ་ལག་ཆ་ཚང་དེ་ཉམས་པ་སླར་གསོ་དང་མི་ཉམས་པ་གོང་དུ་སྤེལ་བའི་འོས་འགན་ལྕི་མོ་དེ་སློབ་གྲྭ་བཟང་བོ་དག་ནས་འདེགས་དགོས་པས།  མི་རིགས་ཀྱི་སློབ་གྲྭ་རུ་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་རིག་གི་རྔམ་མཐུག་པོ་ཞིག་དང་རྨང་བརྟན་པོ་ཞིག་མེད་ན། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོ་ཞིག་སྒྲུབ་ཐབས་གཏན་ནས་མེད།

       སློབ་གསོ་ནི་སློབ་གྲྭ་ལ་བརྟེན་དགོས་པ་དང་།  སློབ་གྲྭ་ནི་རང་ཉིད་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་ཐུབ་པའི་མ་ལག་གཙང་མ་ཞིག་ལ་བརྟེན་དགོས་པ་རེད།  མི་རིགས་ས་ཁུལ་གྱི་སློབ་གྲྭར་མི་རིགས་ཀྱི་ཤེས་རིག་རིག་གནས་ཀྱི་ཉིང་བཅུད་ཡ་མ་བྲལ་བར་སྤེལ་རྒྱུ་ནི་རང་ཉིད་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་པའི་ཐབས་ལམ་མ་ནོར་བར་སྲིད་པས་མི་རིགས་ཀྱི་རིག་གནས་དང་ཡུལ་གོམས། རྩོམ་རིག ལོ་རྒྱུས་སོགས་དངོས་ཡོད་གནས་ཚུལ་དང་ཁ་བྲལ་ནས་ཨ་མཚར་གྱི་ཤེས་རིག་ཅི་འདྲ་ཞིག་སྦྱང་ཡང་དེ་ནི་བླ་སྲོག་མེད་པའི་བེམ་གཟུགས་དང་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་རེད།

       ང་ཚོ་ལ་མི་རིགས་ཀྱི་ཤེས་རིག་རིག་གནས་དངོས་ཐོག་བདེན་འཚོལ་སྒོས་ཡར་རྒྱས་གོང་སྤེལ་བྱ་ཐུབ་པའི་སློབ་གྲྭ་སྤུས་དག་ཅིག་དང་། སྤྱི་ཚོགས་ཀྱི་ཤེས་ལྡན་མི་སྣའི་དགོས་མཁོ་དངོས་དུས་ལྟར་སྐྱེད་བསྲིང་ལེགས་པོ་ཞིག་བྱ་ཐུབ་པའི་སློབ་གྲྭ་ཞིག འཛམ་གླིང་གི་འགྲན་རྩོད་ཆེན་པོར་ཁ་གཅོག་ཐུབ་པའི་སློབ་འབྲིང་དང་སློབ་གྲྭ་ཆེན་མོ་ག་ཚོད་ཡོད།  མཛུབ་མོ་ནང་དུ་བཀུགས་ནས་རྩིས་དང་ཁ་ལན་གསལ་བོ་རེད།

        དེའི་ཕྱིར་མི་རིགས་སློབ་གྲྭ་རུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་རིག་རིག་གནས་ཀྱི་མ་ལག་ཆ་ཚང་དང་དེང་རབས་ཀྱི་ཚད་གཞི་འཛོམས་པའི་སྒྲིག་ཆས་གསར་བ། ནུས་ལྡན་གྱི་འགོ་ཁྲིད་བཟང་བོ་དང་ཤེས་ལྡན་གྱི་དགེ་རྒན་དམ་པ། སྤུས་དག་ངོས་གཙང་གི་སློབ་སྒྲུབ་ལམ་ལུགས་སོགས་ཁྱད་ཆོས་དང་སྟོབས་ཤུགས་འཛོམས་པའི་སློབ་གྲྭ་རབ་དང་རིམ་པ་བཙུགས་ནས་མི་རིགས་ཀྱི་རིག་དངོས་ལ་འགེབས་སྲུང་དང་སྲུང་སྐྱོབ་བྱ་དགོས་ལ། འཛམ་གླིང་གི་རིག་གནས་དང་ཚན་རྩལ། ཁེ་ལས།  ལྗོངས་རྒྱུ། དྲ་རྒྱའི་ལག་རྩལ་སོགས་སྔོན་ཐོན་གྱི་ཆེད་ལས་དང་ཉམས་མྱོང་དུས་ལྟར་མགྱོགས་མྱུར་སྒོས་བསྡུ་ལེན་ངོས་གཙང་བྱ་ཐུབ་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མིང་དོན་གཉིས་འཛོམས་ཅན་ཇི་སྙེད་ཅིག་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་གསར་འཛུགས་དང་མཁོ་སྤྲོད་བྱ་རྒྱུ་ནི་མི་རིགས་སློབ་གསོ་དེ་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་གནད་ས་དང་འགག་སྒོ་ཆེན་པོ་རེད།

    གཉིས། མི་རིགས་སློབ་གསོ་ལ་མི་རིགས་ཀྱི་སྐད་དང་རིག་གནས་མེད་མི་རུང་།

       མེས་རྒྱལ་གྱི་དར་རྒྱས་དང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་ཁ་མིན་དོན་གྱིས་ནུས་པ་འདོན་ཐུབ་པའི་སློབ་གྲྭ་རབ་དང་རིམ་པ་ཡོད་ནའང། དེར་དཔེ་ཁྲིད་མི་སྐྱོང་གི་ཆ་ནས་རང་ཉིད་ཀྱི་ནུས་པ་རྩོལ་མེད་དུ་འདོན་ཐུབ་པའི་སློབ་ཁྲིད་ཀྱི་སྒྲིག་གཞི་ཆ་ཚང་ཞིག་མཁོ་བ་རེད།

       གོང་དུ་བརྗོད་པ་བཞིན་མི་རིགས་སློབ་གྲྭ་ལ་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་འགྲོས་དང་འཚམས་ཤིང་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་དེ་ཚད་ཐུབ་ཀྱིས་སྐོང་ཐུབ་པའི་ཆ་རྐྱེན་འཛོམས་དགོས་ལ།ལྷག་པར་དུ་མི་རིགས་ཀྱི་ཤེས་རིག་རླབས་པོ་ཆེའི་ཉིང་བཅུད་བཟང་བོ་དེ་མེད་ན། ང་ཚོའི་སློབ་གསོའི་བྱ་བའང་རྩ་བ་ཆད་པའི་སྡོང་རྒན་གྱི་ངང་ཚུལ་ཁོ་ན་ལས་མ་འདས་པས། མི་རིགས་ཀྱི་སློབ་གྲྭ་རུ་མི་རིགས་སུ་དང་ག་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཕ་མེས་གོང་མ་རྣམས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་དཀའ་སྤྱད་དང་བརྩོན་ཞིབ་ལ་བརྟེན་ནས་གསར་བསྐྲུན་བྱས་པའི་ཤེས་རིག་རླབས་པོ་ཆེ་དེ་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་མ་བྱས་ན། ང་ཚོས་མིའི་རིགས་ཀྱི་ཤེས་རིག་གི་བང་མཛོད་ཆེན་མོའི་ཁྲོད་ཀྱི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་མེད་བརླག་ཏུ་བཏང་བ་དང་། མེས་རྒྱལ་གྱི་དར་རྒྱས་དང་ཁ་འབྲལ་ཐབས་མེད་པའི་ཤུལ་དངོས་རྩ་ཆེན་ཞིག་ཐལ་བའི་རྡུལ་དུ་བརླགས་པ་རེད།

        འཛམ་གླིང་གི་མི་རིགས་སུ་དང་གང་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་སྐད་དང་རིག་གནས་ལ་འགེབས་སྲུང་དང་དེ་ཉིད་དུས་རབས་ཀྱི་འཕེལ་ཁ་དང་སྤྱི་ ཚོགས་ཀྱི་དགོས་མཁོ་དངོས་དང་འཚམས་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས། རླབས་ཆེན་གྱི་ཤེས་རིག་རྩ་བོ་ཆེ་འདི་ཉིད་མི་ནུབ་གོང་སྤེལ་བྱ་དགོས་ན།  མ་ལག་འཛོམས་ཤིང་སྒྲིག་གཞི་འཐུས་ཚང་ཅན་གྱི་སློབ་གྲྭའི་སློབ་གསོ་ལ་མ་བརྟེན་པར་འཕེལ་ཐབས་ཡེ་ནས་བྲལ་བས། མི་རིགས་སློབ་གྲྭ་རུ་མི་རིགས་ཀྱི་སྐད་དང་རིག་གནས་ཀྱིས་མཚོན་པའི་སྒྲིག་གཞི་བཟང་བོ་ཞིག་མེད་དུ་མི་རུང་བར་མ་ཟད། དེ་ཉིད་ཀྱི་སྲ་བརྟན་དང་འཕེལ་རྒྱས་ལ་ཁེ་ཆེ་བའི་མཐུན་རྐྱེན་དེ་རྒྱལ་ཁབ་དང་མི་ རིགས།  ས་གནས་ལ་དབྱེ་འབྱེད་མེད་པར་རང་ནུས་ཅི་ལྕོགས་སྒོས་བསྐྲུན་དགོས་པ་ལས།  དེ་ལ་འགལ་རྐྱེན་ཁབ་རྩེ་ཙམ་ཡང་བཟོ་མི་རུང་།

       ང་ཚོ་ཚང་མ་ས་ཡི་གོ་ལའི་སྟེང་མི་འཇིག་རྟག་བརྟན་དུ་འཚོ་དགོས་ན། འཛམ་གླིང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་ལ་འབྲལ་ཐབས་མེད་པའི་སྐད་དང་ཡི་གེ་འདི་དག་ལ་སྲུང་སྐྱོབ་དང་གོང་སྤེལ་ལེགས་པོ་ཞིག་བྱ་དགོས་པ་ནི་ང་ཚོའི་འོས་འགན་ཡིན་ལ། མི་རིགས་ཀྱི་སྐད་དང་རིག་གནས་ནི་མིའི་རིགས་ཧྲིལ་བོའི་ཐུན་མོང་གི་ཁེ་ཕན་དངོས་ཏེ་ཞི་བདེ་དང་འདྲ་མཉམ། རང་དབང་འབྱུང་བའི་རྩ་བ་དང་མིའི་རིགས་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ཤུལ་ ནོར་དཀོན་པོར་སྲིད་པས། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་བར་མ་ཆད་པའི་སྐད་དང་ཡི་གེ་འདི་ཉིད་མི་རིགས་ཀྱི་སློབ་གྲྭ་རུ་སྒྲིག་འཛུགས་ངོས་གཙང་ཞིག་རྒྱུ་ནི་རྒྱལ་ཁབ་དང་མི་རིགས། ས་གནས་ལ་དབྱེ་མཚམས་མེད་པར་ཕྲག་ཏུ་ལེན་དགོས་པའི་འོས་འགན་ཞིག་ཡིན་པ་ལས་མི་སྒེར་དང་ཚོགས་པ་ཞིག་གིས་ཁུར་བཏུབ་པ་ཞིག་མིན་ལ། ཁུར་ནུས་པ་ཞིག་ཀྱང་གཏན་ནས་མིན་པས། མི་རིགས་ཀྱི་སློབ་གྲྭ་རུ་མི་རིགས་ཀྱི་སྐད་དང་རིག་གནས་ཀྱི་སྒྲིག་གཞི་ཆ་ཚང་ཞིག་གང་ལེགས་གང་མྱུར་སྒོས་འཛུགས་རྒྱུ་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། རྒྱལ་ཁབ་བདེ་འཇགས།འཛམ་གླིང་དང་མིའི་རིགས་ཐུན་མོང་མཉམ་གནས་ཀྱི་སྲོག་རྩ་དང་དམ་པོར་འབྲེལ་ཡོད།

     གསུམ།  མི་རིགས་སློབ་གསོ་ལ་མི་རིགས་ཀྱི་ཤེས་ལྡན་མི་སྣ་མེད་མི་རུང་།

       མི་རིགས་སློབ་གསོའི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་ཉིང་བཅུད་ཡར་རྒྱས་གོང་སྤེལ་དུ་གཏོང་དགོས་ན། སྐད་དང་རིག་གནས་ཀྱི་མ་ལག་འཐུས་ཚང་ཞིག་ཡོད་ནའང་། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱ་བར་གཡེལ་དུ་མི་རུང་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་བཙན་པོ་ཞིག་མེད་ན། ང་ཚོའི་སློབ་གསོ་བྱ་བའི་ཁྲོད་ནས་གཡུར་དུ་ཟ་བའི་འབྲས་བཟང་ཞིག་ལེན་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་ཡིན།  དེའང་དེད་དཔོན་མེད་པའི་མཉན་པ་ལྟ་བུར་སྲིད་པས།  མི་རིགས་སློབ་གསོ་ཡར་རྒྱས་སུ་འགྲོ་དགོས་ན། མི་རིགས་ཀྱི་ཤེས་ལྡན་མི་སྣ་ལ་མ་བརྟེན་པར་འགྲོ་སའི་ལམ་བདེ་བོ་ཞིག་རྩ་བ་ནས་མེད།

       མི་རིགས་ཀྱི་ཤེས་ལྡན་མི་སྣའང་མི་གཞི་ལེགས་ཤིང་མི་རིགས་ཀྱི་ཤེས་རིག་རླབས་པོ་ཆེས་ཕྱུག་པའི་ཁར། དཔེ་ཁྲིད་མི་སྐྱོང་གི་བྱ་བར་དུངས་ཞེན་ཟབ་ཅིང་ཕྱི་ནང་གི་རིག་གནས་ལ་མཁས་པ། ཆེད་ལས་ལ་བྱང་བ།  ཕུགས་བསམ་ལེགས་པོ་ལྡན་ཞིང་མིག་རྒྱང་རིང་བའི་ཤེས་ལྡན་མི་སྣའི་བརྟན་བརླིང་གི་དཔུང་ཁག་ཅིག་མི་རིགས་ཀྱི་སློབ་གྲྭ་སོ་སོར་མཁོ་སྤྲོད་དང་སྐྱེད་བསྲིང་བྱ་རྒྱུ་ནི་དངོས་གནས་གལ་ཆེ།

      སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེས་པ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལ་རག་ལས་པས། མི་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བར་སློབ་གསོ་དོ་དམ་པ་དང་དགེ་རྒན་མཚན་ཉིད་དང་ལྡན་པ་མང་བོ་མཁོ་ལ། ཤེས་ལྡན་མི་སྣ་དེའང་ང་ཚོ་ནང་ཆོས་ཀྱི་གཞུང་ཤིང་དུ་བསྟན་པའི་ཚད་ཐུབ་ཅན་ཤ་སྟག་ཡིན་དགོས་ཏེ། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག  །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།།བརྩེ་བའི་བདག་ཉིད་སྐྱོ་བ་སྤོང་ལ་བསྟེན། ། ཞེས་དགེ་བའི་བཤེས་གཉེན་མཚན་ཉིད་བཅུ་ལྡན་ཞིག་སློབ་མས་བསྟེན་དགོས་པར་གསུངས་པ་དང་། མི་རིགས་སློབ་གསོའི་སྟེང་དུ་དགེ་རྒན་གྱི་ལས་ཀ་གཉེར་མཁན་ཞིག་ཡིན་ཕྱིར།དཔེ་ཁྲིད་མི་སྐྱོང་གི་ཐད་ནས་ལུས་སེམས་གཉིས་ཆ་ནས་སྒྲིག་ཁྲིམས་ངོས་གཙང་ཞིག་དགོས་པ་དང་། ཤེས་རིག་གི་རྨང་མཐུག་ཅིང་ཐོས་པ་ཕུན་སུམ་ཚོགས་པ།སྤང་བླང་གི་གནད་ཤེས་པ།  སློབ་མ་ལ་སྙིང་ན་བ།ཕྱོགས་རིས་མེད་པ།དཀའ་ངལ་ལ་མགོ་མི་སྒུར་བ། ཁྲིད་ཐབས་ལ་མཁས་པ་ལ་སོགས་པའི་ཡོན་ཏན་བཟང་བོ་ཞིག་མ་མཐའ་ཡང་འཛོམས་དགོས།

    དེ་འདྲའི་ཡོན་ཏན་འཛོམས་ཤིང་མི་གཤིས་ལེགས་པའི་ཤེས་ལྡན་མི་སྣ་ཚད་ལྡན་ཞིག་མེད་ན། ཤེས་ལྡན་པའི་མིང་སྟོང་ཡོད་པ་ཙམ་གྱིས་མི་རིགས་སློབ་གསོ་བྱ་བར་ཕན་ཁེ་ཉག་ཙམ་ཡང་འདོགས་ཐུབ་ཀྱིན་མེད།  མཚན་ཉིད་དང་ལྡན་པའི་ཤེས་ལྡན་མི་སྣའི་རུ་དཔུང་བཙན་པོ་ཞིག  མཐུ་སྟོབས་དང་སྤོབས་པ།  རེ་བས་ཁེངས་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་མི་རིགས་སློབ་གསོ་བྱ་བའི་བཙན་རྫོང་ཆེན་པོར་སྒྲིག་འཛུགས་ལེགས་པོ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་འཛད་མཐའ་མེད་པའི་ནུས་ཤུགས་ཀྱི་འབྱུང་ཁུངས་ཏེ་མར་མེའི་འོད་ཀྱི་གཞི་མ་ལྟ་བུ་ཡིན་པས།  མི་རིགས་སློབ་གསོ་བྱ་བར་ཚད་ལྡན་གྱི་ཤེས་ལྡན་ཤེས་ལྡན་མི་སྣའི་རུ་དཔུང་བཙན་པོ་ཞིག་དངོས་གནས་མཁོ་བ་རེད།

 བཞི།  མི་རིགས་སློབ་གསོ་ལ་མི་རིགས་ཀྱི་དོ་དམ་འདུ་ཤེས་མེད་མི་རུང་།

        མི་རིགས་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན།  རྒྱལ་ཁབ་ཀྱི་སློབ་གསོ་བྱ་བའི་རྩ་དོན་དང་སློབ་གསོའི་སྲིད་ཇུས།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་སྐོར་གྱི་སློབ་གསོ་དང་དོ་དམ་ལེགས་པོ་བྱ་དགོས་པ་ལས་གཞན།  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དོ་དམ་ངོས་གཙང་ཞིག་ཀྱང་མཁོ་བ་རེད།

       སློབ་གསོ་དོ་དམ་བྱ་བའི་ཁྱབ་ཁོངས་གཙོ་བོ་ནི་འགོ་འདྲེན་གྱི་དོ་དམ།  སློབ་ཁྲིད་ཀྱི་དོ་དམ།  དགེ་རྒན་གྱི་དོ་དམ། སློབ་མའི་དོ་དམ།སློབ་སྦྱོང་གི་དོ་དམ། སྒྲིག་ཆས་ཀྱི་དོ་དམ། འཕྲོད་བསྟེན་གྱི་དོ་དམ། ཁྲིམས་ལུགས་ཀྱི་དོ་དམ།ཀུན་སྤྱོད་ཀྱི་དོ་དམ་སོ ས་མང་བོ་འབྱུང་ཡང་མི་རིགས་རང་གི་ཁྱད་ཆོས་ལྡན་ཞིང་མི་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་རྒྱབ་བརྟེན་དུ་བཅོལ་ནས་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་ལས། སློབ་གསོ་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ལ་ལས་མི་རིགས་སློབ་གསོའི་ཆོས་ཉིད་ལ་ཕྲ་ཞིབ་བློ་ཡིས་མ་བརྟག་མ་དཔྱད་པར། རང་གི་སྙན་གྲགས་ཉི་ཚེ་བ་ཙམ་གྱི་ཆེད་ནང་ལོགས་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་སློབ་གསོ་དོ་དམ་བྱེད་ལུགས་ཤིག་ཐད་ཀར་དུ་མི་རིགས་ས་ཁུལ་གྱི་སློབ་གྲྭ་སོ་སོར་དངོས་འབེབས་ལག་བསྟར་བྱས་པས། མི་རིགས་སློབ་གསོ་འཕེལ་རྒྱས་དང་དངོས་ཡོད་གནས་སྟངས་ལ་རྒྱབ་འགལ་བྱས་པའི་དོ་དམ་དེས་མི་རིགས་སློབ་གསོ་བྱ་བའི་དར་སྤེལ་ལ་འགོར་འགྱངས་ཚབས་ཆེན་བྱེད་ཀྱིན་ཡོད།

      རང་གི་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་སློབ་གསོའི་དོ་དམ་མ་ལག་བཟང་བོ་ཞིག་མེད་ན། དོ་དམ་ལམ་ལུགས་དེ་ཇི་འདྲར་སྔོན་ཐོན་ཡིན་ནའང་མི་རིགས་སློབ་གསོར་མ་བརྟག་མ་དཔྱད་པར་འོལ་ཚོད་ཀྱིས་ལས་ཕྲན་ཙམ་ཡང་གཏན་འབེབས་བྱ་མི་རུང་། དཔེར་ན། ནང་ལོགས་ཀྱི་དཀར་བོ་ཆིག་ཐུབ་ཀྱི་ཐོན་རྫས་ཇི་འདྲ་བཟང་ཞིང་ཡོངས་འབབ་ཤིན་ཏུ་ལེགས་ནའང་། ང་ཚོས་ས་གནས་ཀྱི་ཁྱད་ཆོས་འཛོམས་པའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྔོག་འདོན་ལྟ་བུ་མཐའ་རུ་སྤྱུགས་ཏེ།  མཐོ་སྒང་ས་ཁུལ་དུ་དཀར་བོ་ཆིག་ཐུབ་ཁོ་ན་འདེབས་པའི་དོ་དམ་བྱ་བ་སྔོན་ཐོན་གྱི་མཚོན་རྟགས་ཤིག་ཏུ་འཛིན་པའི་མཇུག་འབྲས་དེ་ཇི་འདྲ་ཞིག་ཡིན་པ་ང་ཚོས་ལས་སླ་བོར་དཔོག་ཐུབ། ས་བབ་དང་གནམ་གཤིས། དྲོད་གྲང་སོགས་གང་ཅིའི་ཐད་ནས་གཞིགས་ནའང་། དཀར་བོ་ཆིག་ཐུབ་དེ་མཐོ་སྒང་ནས་གཏན་ནས་གསོན་ཐབས་མེད་པས། ང་ཚོའི་སློབ་གསོ་བྱ་བའི་མཇུག་འབྲས་ནི་དེ་ལས་ལྡབ་འགྱུར་གྱི་ཚབས་ཆེན་ཡིན་པར་མ་ཟད། དེ་འདྲའི་ལས་ལ་ཞིབ་ཏུ་བསམ་བློ་རེར་བཏང་ཚེ་དངོས་གནས་སྐྱི་གཡའ་ཞིང་ཞེ་འདར་བ་ཞིག་རེད།

        མི་རིགས་སློབ་གསོར་མི་རིགས་ཀྱི་ཁྱད་ཆོས་དང་དངོས་དོན་དང་མཐུན་པའི་དོ་དམ་གྱི་འདུ་ཤེས་དང་སྒྲིག་གཞི་ཆ་ཚང་ཞིག་མེད་ན། ང་ཚོས་མི་རིགས་སློབ་གསོ་བྱ་བའི་ཁྲོད་དཀའ་ལས་དང་འབད་འབུངས་ཇི་འདྲ་བྱས་ཀྱང་ངལ་བ་འབྲས་མེད་དུ་འགྱུར་བར་མ་ཟད། དུས་རབས་ཀྱི་འཕོ་འགྱུར་དང་འཛམ་གླིང་གི་འཕེལ་རྒྱས།  སྤྱི་ཚོགས་ཀྱི་དགོས་མཁོ། མི་རིགས་ཀྱི་དར་རྒྱས་ལ་མེད་དུ་མི་རུང་བའི་མི་རབས་ཤིག་འཕྲོ་བརླག་དང་རྩ་གཏོར་དུ་གཏོང་བཞིན་ཡོད་པ་རེད། མི་རིགས་ས་ཁུལ་དུ་མི་རིགས་ཀྱི་ས་གནས་དང་ཡུལ་དུས་ཀྱི་དངོས་ཡོད་གནས་སྟངས་དང་ཁྱད་ཆོས་ཡ་མ་བྲལ་བ་འཛོམས་པའི་དོ་དམ་གྱི་སྒྲིག་གཞི་འཐུས་སྒོ་ཚང་བ་ཞིག་མཁོ་བ་ནི་དོན་དངོས་ཀྱིས་བདེན་དཔང་གྲངས་མེད་ཅིག་བྱས་ཡོད།

      དེར་བརྟེན་སློབ་གསོ་སྲིད་འཛིན་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མི་སུ་དང་གང་འདྲ་ཞིག་ཡིན་རུང་། མི་རིགས་སུ་དང་གང་འདྲ་ཞིག་ཡིན་ཀྱང་རུང་རང་གི་སྤྱི་ཚོགས་ཀྱི་གནས་བབ་དང་ས་གནས་ཀྱི་ཁྱད་ཆོས། དུས་རབས་ཀྱི་འཕེལ་རྒྱས་ལ་རྔོ་ཆེན་པོ་ཐོག་ཐུབ་པའི་མི་རིགས་རང་གི་ཡུལ་དུས་དང་འཚམས་པའི་སློབ་གསོའི་དོ་དམ་ལམ་ལུགས་ཤིག་མེད་པ་གསར་གཏོད། ཡོད་པ་འཐུས་ཚང་ཅན་དུ་གཏོང་རྒྱུ་ནི་མི་རིགས་རང་གི་འཕེལ་རྒྱས་དང་ནམ་ཡང་འབྲལ་ཐབས་མེད་པའི་བྱ་བཞག་རླབས་བོ་ཆེ་ཞིག་རེད་སྙམ།

    ལྔ།  མི་རིགས་སློབ་གསོ་ལ་གཞན་གྱི་སྔོན་ཐོན་རིག་གནས་མེད་མི་རུང་།

      དེ་སྔོན་རྒྱའི་མིང་དུ་གྲགས་པའི་ཆེད་མཁས་ཤིག་གིས་བརྗོད་དོན། སྔོན་བྱུང་གི་ལོ་རྒྱུས་བརྗེད་པའི་མི་རིགས་ཤིག་ལ་རེ་བ་མེད་ལ། འདས་སོང་ལ་སྐྱབས་བཅོལ་བྱེད་པའི་མི་རིགས་ཤིག་ལ་མདུན་ལམ་ཡང་མེད། ཅེས་སྡོམ་ཚིག་དྲི་མ་དང་བྲལ་བ་ཞིག་བཞག་ཡོད་པ་དེས།མི་རིགས་ཤིག་གི་བགྲོད་ལམ་གཙང་མའི་གནས་སྟངས་དེ་ཁ་གསལ་སྒོས་བསྙད་ཡོད་པ་རེད།

       མི་རིགས་སུ་དང་གང་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་སྤྱི་ཚོགས་ཀྱི་མ་ལག་སོ་སོར་འཕེལ་རྒྱས་ལེགས་པོ་ཞིག་འབྱུང་དགོས་ན། མི་རིགས་ཀྱི་ཤེས་རིག་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་དགོས་པའི་ཁར། འཛམ་གླིང་གི་སྔོན་ཐོན་མི་རིགས་གཞན་དག་གི་ཚན་རྩལ་སློབ་གསོ། རིག་གནས་ལོ་རྒྱུས།  རྩོམ་རིག་སྒྱུ་རྩལ།  ཁེ་ལས་བདག་གཉེར།  ཐོན་ཁུངས་སྔོག་འདོན།  ལྗོངས་རྒྱུ་གསར་སྤེལ་སོགས་ཀྱི་ཉམས་མྱོང་དང་གཞུང་ལུགས་དུས་ལྟར་བསྡུ་ལེན་བྱ་ཐུབ་པའི་མ་ལག་འཐུས་ཚང་ཞིག་བཙུགས་ཏེ།  མི་རིགས་སློབ་གསོ་དང་མི་རིགས་ལས་དོན་བྱ་བ་འཛམ་གླིང་གི་གོམ་ཁ།  དུས་རབས་ཀྱི་འཕོ་འགྱུར།  སྤྱི་ཚོགས་ ཀྱི་དགོས་མཁོ། མི་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡོངས་སུ་འཚམས་པའི་མདུན་ལམ་གསར་བ་ཞིག་གཏོད་པར་ནམ་ཡང་གཡེལ་དུ་མི་རུང་།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས།།ཀུན་ལ་དོགས་པ་ཟ་བ་གྲུང་བོར་བྱེད། །རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་སྒོམ། །འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། ། ཞེས་གསུངས་པ་བཞིན་ང་ཚོས་གནའ་བོའི་ཤེས་རིག་གི་ཉིང་བཅུད་འཛོམས་པའི་ཤེས་རིག་དང་དེང་གི་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཚན་རྩལ་མཐའ་དག་སློབ་གསོ་བྱ་བའི་ཁྲོད་བྱ་རྒོད་ཅིག་གི་གཤོག་ཟུང་ལྟ་བུར་བཟུང་སྟེ་དབུ་མའི་ལམ་ནས་འཛམ་གླིང་འཆམ་མཐུན་དང་རྒྱལ་སྟོབས་དར་སྤེལ།མི་རིགས་འཕེལ་རྒྱས་སུ་གཏོང་དགོས་ན།  མི་རིགས་སློབ་གསོ་བྱ་བའི་གནད་ཀ་འདི་དག་ལ་དོ་སྣང་ཆེན་པོ་བྱེད་དགོས།

     མི་རིགས་ཤིག་ས་ཡི་གོ་ལའི་སྟེང་འཚོ་གནས་ལེགས་པོ་ཞིག་འཆའ་དགོས་ན།ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་དང་རིག་གནས། དཔལ་འབྱོར་སོགས་ཀྱིས་མཚོན་པའི་ལས་དོན་མཐའ་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་དགོས་ལ། འཛམ་གླིང་གི་འགྲན་རྩོད་ཆེན་པོའི་གདོང་ཡང་དུས་ལྟར་མངོན་བསུ་བྱེད་ནུས་པའི་མི་རབས་ཤིག་དུས་དང་རྣམ་པ་ཀུན་ཏུ་མཁོ་བ་རེད།

     དྲུག  མི་རིགས་སློབ་གསོར་མི་རིགས་ཀྱི་ལས་དོན་ལ་མཁོ་བའི་ཆེད་གཉེར་མེད་མི་རུང་། 

       དུས་རབས་ཀྱི་འཕེལ་རྒྱས་ནི་དུས་ཚོད་སྐར་ཆ་རེ་ལ་འགྱུར་བ་ཆེན་པོ་བྱང་དང་འབྱུང་བཞིན་ཡོད་པ་མ་ཟད།  སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་དང་བསྡོངས་ནས་མིའི་སྤུས་ཀ་ལ་ཡང་ཡར་རྒྱས་ཆེན་པོ་དེ་མཚུངས་སུ་འབྱུང་བཞིན་ཡོད་པས།  མི་རིགས་དང་དང་ས་གནས།  རྒྱལ་ཁབ་དང་འཛམ་གླིང་གི་དགོས་མཁོ་ལྟར་ཆེད་ལས་མང་བོ་སྒྲིག་འཛུགས་བྱེད་རྒྱུ་ནི་མི་རིགས་ལ་མཚོན་ན་ཤིན་ཏུ་གལ་ཆེ།  སློབ་ཆེན་ནས་སྐྱེད་བསྲིང་བྱེད་པའི་མི་རིགས་ཀྱི་ཤེས་ལྡན་མི་སྣས་ས་གནས་དང་མི་རིགས།  རྒྱལ་ཁབ་ཀྱི་གནད་དོན་དང་འཕེལ་རྒྱས།  དགོས་མཁོ་སྐོང་ཐུབ་དགོས་ལ།  གནད་དོན་དེ་འཕྲད་མར་ཐག་གཅོད་བྱེད་ཐུབ་པའི་འཇོན་མི་མང་བོ་སྐྱེད་བསྲིང་བྱེད་དགོས།  

       མི་རིགས་ཀྱི་འཇོན་མི་སྐྱེད་བསྲིང་བྱེད་དགོས་ན།  མི་རིགས་ཀྱི་དཀའ་རྙོག་ཐག་གཅོད་བྱེད་ཐུབ་པའི་སློབ་ཆེན་དང་ཆེད་གཉེར།  མི་རིགས་ཀྱི་ཤེས་ལྡན་མི་སྣའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཆེད་གཉེར་གྱི་སྒྲིག་འཛུགས་དང་ཁོར་ཡུག་བཟང་བོ་ཞིག་ངེས་པར་དུ་སྐྲུན་དགོས་ལ།  འཛམ་གླིང་དང་དུས་རབས།  སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་པའི་ཆེད་གཉེར་དང་འཚར་ལོངས་འབྱུང་བཏུབ་པའི་ཤེས་ལྡན་མི་སྣ་སྐྱེད་བསྲིང་གི་འགྲོ་ལམ་ཞིག་ཅིས་ཀྱང་གཙང་ཕྱགས་བྱེད་དགོས། 

      བདུན། མི་རིགས་སློབ་གསོ་ལ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་མི་རུང་། 

       མི་རིགས་ཀྱི་སྐད་དང་ཡི་གེ རིག་གནས་བེད་སྤྱོད་གཏོང་སའི་ངེས་དོན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་མི་རིགས་ཀྱི་འཕེལ་རྒྱས་དང་འཚོ་གནས་ལ་ཁ་ཚ་དགོས་གཏུགས་སུ་འབྲེལ་བ་མ་ཟད།  མི་རིགས་ཤིག་ལ་མི་རིགས་རང་གི་སྐད་དང་ཡི་གེ རིག་གནས་སོགས་ཀྱིས་མཚོན་པའི་ཐུན་མོང་གི་ཁོར་ཡུག་དང་མི་རིགས་ཀྱི་རྗེས་རབས་པ་འཚར་ལོངས་འབྱུང་སའི་ཁོར་ཡུག་སྟེ་དམངས་ཀྱི་འདོད་བློ་སྐོང་ཐུབ་ཅིང་མི་རིགས་ལ་འཕྲད་བཞིན་པའི་དཀའ་རྙོག་ཐག་གཅོད་བྱེད་ཐུབ་པའི་ཐུན་མོང་གི་ཁོར་ཡུག་མིང་དོན་དང་མཚུངས་པ་ཞིག་བསྐྲུན་དགོས་པ་རེད།  

       དེ་མེད་ན། མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ལ་ཡར་རྒྱས་ཀྱི་འགྲོ་ལམ་མེད་ཅིང་མི་རིགས་ཀྱི་རྗེས་རབས་པ་ལ་འགྲོ་སའི་ལམ་ཁ་མེད་པ་མ་ཟད།  མི་རིགས་ཀྱི་ཆོས་ལུགས་དང་རིག་གནས།  ཡུལ་སྲོལ།  སློབ་གསོ་སོགས་ཀྱང་བརྟེན་སའི་གཞི་མེད་པས།  མི་རིགས་ས་ཁུལ་ནས་མི་རིགས་ཀྱི་སྐད་དང་ཡི་གེ རིག་གནས་སོགས་མུ་མཐུད་འཚོ་གནས་བྱེད་ཐུབ་པ།  མི་རིགས་ཕན་ཚུན་འཆམ་མཐུན་མཉམ་གནས་དང་ཐུན་མོང་རོགས་རེས་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།  དེ་མེད་ན་མི་རིགས་ཀྱི་མ་འོངས་འཚོ་གནས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གནོད་ཚབས་ཤིན་ཏུ་ཆེ།  

      མི་རིགས་རང་གི་སྐད་དང་རིག་གནས་ཀྱི་རྨང་བརྟན་པོ་ཞིག་བཙུགས་རྗེས། རྒྱལ་ཁབ་དང་ས་གནས། མི་རིགས་གཞན་གྱི་སྔོན་ཐོན་གྱི་ཚན་རྩལ་དང་རིག་ གནས་དུས་ལྟར་བསྡུ་ལེན་བྱེད་རྒྱུ་ནི་མི་རིགས་རང་གི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་འབྱུང་བའི་རྩ་བ་ལྟ་བུ་ཡིན་པས། མི་རིགས་སློབ་གསོ་ཡར་རྒྱས་བྱ་བར་རྒྱལ་ཁབ་དང་མི་རིགས། ས་གནས་གཞན་གྱི་སྔོན་ཐོན་རིག་གནས་དང་ཚན་རྩལ་སོགས་བེད་སྤྱོད་གཏོང་སའི་ཁོར་ཡུག་ཀྱང་མེད་དུ་རུང་བར་མཐའ་གཅིག་ཏུ་འདོད་དོ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།