བཟའ་འཐོར་ཐོ་འགོད་བྱེད་སྐབས་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན།

རྩོམ་པ་པོ།   དུས་ཚོད།   2018-03-28རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གྱོད་བཤད།

          རིན་ཆེན་བཀྲ་ཤིས་བཟའ་ཟླ་གཉིས་ལ་མཚོན་ན་གཉེན་སྒྲིག་བྱས་ཏེ་ལོ་ངོ་བཅུ་གསུམ་འགོར་བ་དང་། བུ་བུ་མོ་གསུམ་ཡོད། ནོར་ལུག་ཉིས་བརྒྱ་ལྷག་དང་རྩྭ་ས་མུའུ་སྟོང་ཕྲག་གཅིག་ཙམ་ཡོད་པའི་ཁར་རྨོ་བསྐྱུར་ནགས་འཛུགས་ཀྱི་ས་མུའུ་བརྒྱ་དང་ཞིང་ས་མུའུ་ཉིས་བརྒྱ་ལྷག་ཡོད། ཁྱིམ་ཚང་གི་ཆ་རྐྱེན་ཡང་གཡང་ལུང་སྡེ་བའི་དུད་ཁྱིམ་བརྒྱ་ལྷག་གི་ཁྲོད་ན་འབྲིང་ཙམ་དུ་སླེབས་ཡོད། རིན་ཆེན་བཀྲ་ཤིས་རྒྱུན་དུ་དབྱར་ས་དང་དགུན་སའི་སྐབས་སུ་ནོར་ལུག་གི་རྗེས་ན་ཁོམ་ལོང་མེད་ལ་བྱིས་པ་གསུམ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་གྲྭར་འགྲོ་བཞིན་ཡོད། ཆུང་མ་དཔའ་མོ་སྐྱིད་ཀྱིས་ཁྱིམ་ལས་ཙག་ཙིག་ལས་ནས་ཡུལ་དུ་བསྡད། ཁོ་མོ་ན་ནིང་གི་སྟོན་ཁ་ནས་བཟུང་གསེར་ལུང་སྡེ་བའི་སྐྱེས་པ་ཞིག་དང་འཕྲད་ནས་རྒྱུན་དུ་མཉམ་འགྲོ་མཉམ་འདུག་བྱས། རིན་ཆེན་བཀྲ་ཤིས་ཀྱི་སེམས་སུ་མི་ལོ་བཞི་བཅུའི་ཨ་ཡེ་རྒན་མོ་ཞིག་གིས་རང་གི་ཤ་ཁྲག་ལས་མཆེད་པའི་བྱིས་པ་གསུམ་ལ་འདང་མ་བརྒྱབ་པ་ཡིན་བསམས་ནས་ཡུན་རིང་ལ་བཟོད་བསྲན་མི་བྱེད་ཀ་མེད་བྱུང་། ཡིན་ནའང་། བཟོད་བསྲན་བྱེད་དཀའ་བ་ཞིག་ལ། ད་ལོའི་དབྱར་ཟླ་བདུན་པའི་ནང་། བྱིས་པ་གསུམ་པོ་སློབ་གྲྭས་དབྱར་གནང་བཏང་ནས་ཕ་ཡུལ་དུ་ལོག་ཡོད་ལ། རིན་ཆེན་བཀྲ་ཤིས་དབྱར་སར་སོང་ཉིན་ནས་བཟུང་སྟེ་ཆུང་མ་དཔའ་མོ་སྐྱིད་དང་གསེར་ལུང་སྡེ་བའི་སྐྱེས་པ་དེ་གཉིས་ཁོ་ཚང་ནས་བྱིས་པ་གསུམ་དང་ལྷན་དུ་མཉམ་ཟ་མཉམ་འཐུང་དང་མཉམ་འདུག་མཉམ་ལངས་བྱས་ནས་བསྡད། ད་ནི་ང་རང་ཁོ་མོ་དང་ལྷན་དུ་འཚོ་བ་རོལ་ཐབས་མེད་པས་ཅིས་ཀྱང་བཟའ་འཐོར་བྱ་དགོས། བཟའ་འཐོར་ཐོ་འགོད་བྱེད་སྐབས་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན་གང་དག་ཡོད།  

ཁྲིམས་བཤད།

      བཟའ་འཐོར་ཐོ་འགོད་ཀྱི་རེ་འདུན་ཞུ་བའི་ཁྱོ་ཤུག་ཕྱོགས་གཉིས་ཀར་ཐོག་མར་ངེས་པར་དུ་ཁྲིམས་མཐུན་ཀྱི་ཁྱོ་ཤུག་འབྲེལ་བ་ལྡན་དགོས་ལ། ཁྱོ་ཤུག་འབྲེལ་བ་ཟེར་བ་ནི་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་གཉེན་སྒྲིག་ཡི་གེ་བླངས་ཡོད་མེད་ལ་ཟེར། གལ་ཏེ། ཁྱོ་ཤུག་གཉིས་ཀ་བཟའ་ཟླ་ལྟར་མཉམ་འདུག་བྱས་ཡོད་པ་མ་གཏོགས། གཉེན་སྒྲིག་ཡི་གེ་བླངས་མེད་ཚེ་ད་དུང་ཁྲིམས་མཐུན་གྱི་ཁྱོ་ཤུག་འབྲེལ་བ་གྲུབ་མེད་པ་དང་། གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྱོ་ཤུག་དེའི་རིགས་ཀྱི་བཟའ་འཐོར་ཐོ་འགོད་བྱེད་དུ་བཅུག་མི་ཆོག་སྟེ།  ངེས་པར་དུ་བཅའ་ཁྲིམས་ཀྱིས་ཐག་བཅད་པའི་བཟའ་འཐོར་ཐོ་འགོད་ཆ་རྐྱེན་དང་མཐུན་མིན་ལ་བལྟ་དགོས།《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བཞི་བའི་ནང་ཐག་བཅད་པ་ལྟར།  

      གཅིག ཕོ་མོ་ཕྱོགས་གཉིས་ཀ་རང་འཐད་སྒོས་བཟའ་ཚང་ཐོར་བ་དེ་ནི་བཟའ་ཚང་འཐོར་བྱེད་ཀྱི་རྩ་བའི་ཆ་རྐྱེན་ཡིན། གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པའི་སྐབས་སུ། ཁྱོ་ཤུག་ཕྱོགས་གཉིས་ཀའི་བཟའ་འཐོར་རེ་ཞུ་ལ་རང་དགར་དུ་ཡིད་ཆེས་བྱེད་མི་རུང་བར། ངེས་པར་དུ་འབྲེལ་ཡོད་གནས་ཚུལ་ལ་རྩད་གཅོད་ཞིབ་མོར་བྱས་ཏེ་བཟའ་འཐོར་རྫུན་མ་འབྱུང་བར་སྔོན་འགོག་བྱ་དགོས།   

      གཉིས། བུ་དང་བུ་མོའི་ཕྱོགས་ལ་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཅིག་ཤོས་ཀྱིས་གསོ་རྟེན་དོད་དངུལ་ཅི་ཙམ་སྟེར་རྒྱུ་དང་། གསོ་རྟེན་དོད་དངུལ་སྟེར་སྟངས་སོགས་འོས་འཚམ་གྱིས་བཀོད་སྒྲིག་བྱ་དགོས།   

      གསུམ། རྒྱུ་ནོར་ཕྱོགས་ལ་འོས་འཚམ་གྱིས་ཐག་གཅོད་བྱེད་དགོས་པ་དང་། ཁྱོ་ཤུག་གཉིས་་ཀྱི་མཐུན་མོང་གི་རྒྱུ་ནོར་ཇི་ལྟར་བགོ་བཤའ་བྱེད་རྒྱུ་དང་། བུ་ལོན་ཇི་ལྟར་འཇལ་རྒྱུ། བཟའ་ཚང་ཐོར་རྗེས་སྡོད་ཁང་ཇི་ལྟར་བཀོད་སྒྲིག་བྱ་རྒྱུ་བཅས་ཡིན། གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་རྩད་གཅོད་ཞིབ་མོར་བྱས་རྗེས། ད་གཟོད་བཟའ་འཐོར་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པ་རྣམས་ལ་བཟའ་འཐོར་ཐོ་འགོད་བྱེད་དུ་འཇུག་དགོས་ལ་བཟའ་འཐོར་ཡི་གེའང་སྟེར་དགོས་སོ།།

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།