མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2018-03-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བཅུ་ཕྲག་རིག་པའི་འདབ་བརྒྱ་བཞད་པའི་ཚལ།།

བློ་ལྡན་གདུལ་བྱའི་བུང་ཚོགས་སྤྲོ་བས་འདུས།།

         མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་ནི་རྔ་བ་ཁུལ་བོད་ཡིག་སློབ་འབྲིང་གི་ཐོག་མའི་སྐྱེས་ཁུངས་ཡིན་ལ། སློབ་གྲྭ་དེ་ཉིད་1981ལོའི་ཟླ་7པར། མཁས་དབང་བློ་བཟང་ཉི་མ་མཆོག་གིས་སྔོན་ཆད་ཀྱི་མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭའི་རྨང་གཞིའི་ཐོག་མཛོད་དགེ་བཞག་སྡོམ་ས་ཁུལ་ནས་གསར་དུ་བཙུགས་པ་ཡིན་ལ། མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་ནི་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གི་《རྔ་བ་ཁུལ་བོད་ཡིག་སློབ་འབྲིང་གི་གནས་ཡུལ་བེད་སྤྱད་དེ་མཛོད་དགེ་རྫོང་ཞིང་འབྲོག་རིག་གནས་ལག་རྩལ་སློབ་གྲྭ་དང་ལྷ་མོ་བོད་ཡིག་སློབ་འབྲིང་གཉིས་ཀྱི་འགོ་ཁྲིད་གཅིག་གྱུར་དང་སྒོ་བྱང་གཉིས་ལྡན་གྱིས་སློབ་ཁྲིད་སྤེལ་བ》ཞེས་པའི་ཡིག་ཆའི་དགོངས་དོན་ལྟར། 2002ལོའི་ཟླ་10པར་སྒོ་བྱང་བཀལ་ཏེ་གསར་དུ་བཙུགས་པས། སློབ་གྲྭ་འདི་ནི་སྒོ་བྱང་གཉིས་ལྡན་དང་འགོ་ཁྲིད་གཅིག་གྱུར་ཅན་གྱི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཞིག་ཡིན།  

ཨ་ཁུ་ཉི་མའི་སྐུ་གདུང་།

        སློབ་གྲྭ་དེ་ནས་ང་ལ་བོད་ཀྱི་སྐྱེས་ཆེན་དམ་པ་ཞིག་གི་མཛད་རྗེས་དྲན་པའི་མེ་ལོང་གི་ངོས་སུ་ཡང་བསྐྱར་འཆར་བྱུང་། ཁོང་ནི་ལྔ་རིག་མཁས་པའི་དབང་བོ་བཀའ་དྲིན་མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོའམ་ཡོངས་གྲགས་སུ་ཨ་ཁུ་ཉི་མ་ཟེར། མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་ནི་མཁས་དབང་ཁོང་གིས་1960ལོར་ཐོག་མར་བཙུགས་པ་ཡིན། སློབ་གྲྭ་འཛུགས་དུས་ཀྱི་ཐོག་མའི་མིང་ལ་བཞག་སྡོམ་ཡུལ་ཚོའི་བོད་ཀྱི་ཕྱུགས་སྨན་སློབ་གྲྭ་ཟེར་ཞིང་། 1981ལོའི་ཟླ7པའི་ཚེས་10ཉིན་རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་དངོས་སུ་ཆོག་མཆན་བཀོད་པ་ལྟར་རྔ་བ་ཁུལ་མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་དུ་བསྒྱུར། སྐབས་དེར་བོད་ཁུལ་དུ་མི་རིགས་སློབ་འབྲིང་ཁ་ཤས་ཀྱང་རྒྱལ་ཡོངས་ཀྱི་བོད་ཡིག་རྐྱང་བའི་སློབ་འབྲིང་དང་པོར་གྱུར། ཁོང་ཉིད་བདེ་བར་བཞུགས་སྐབས་སུ་སློབ་གྲྭ་འདིའི་ཉེར་མཁོའི་བོད་ཡིག་གི་སློབ་དེབ་མང་པོ་གསར་དུ་རྩོམ་སྒྲིག་དང་། སུམ་རྟགས་དག་གསུམ། སྙན་ངག་དང་མངོན་བརྗོད། སྒྲ། སྡེབ་སྦྱོར། ཚད་མ་དང་རྩིས་གཞུང་སོགས་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པས། བོད་ཀྱི་རིག་གནས་ཀྱི་ཉི་འོད་སླར་ཡང་ཤར་རིའི་རྩེ་ནས་འཕྲོ་བར་མཛད། སློབ་གྲྭ་འདིའི་བོད་ཡིག་གི་ལམ་ནས་དེང་དུས་ཀྱི་ལམ་སྲོལ་གསར་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་པའི་སློབ་གསོའི་ཐབས་ལམ་ཁྱད་པར་བ་ཞིག་གསར་གཏོད་མཛད་པ་ལ་ཉི་མའི་སློབ་གསོའི་ཐབས་ལམ་ཟེར། སློབ་གྲྭ་འདིས་ད་ལྟ་ཡང་ཐབས་ལམ་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད། 

མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གི་སློབ་གླིང་གསར་བ།

        མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་དགེ་འདུན་གྱིས་གསར་འགོད་པར་ངོ་སྤྲད་པ་ལྟར་ན། གོང་རིམ་འགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག ད་ལོར་སློབ་ཁུལ་རྙིང་བ་ནས་སློབ་ཁུལ་གསར་བར་གནས་སྤར་ཡོད་ལ། མིག་སྔར་སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་56075ཡོད་པ་དང་། དེའི་ཁྲོད་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་6184ཡོད། སློབ་གྲྭ་ཡོངས་ལ་འཛིན་གྲྭ་21དང་། སློབ་མ་971ལྷག་དང་དགེ་རྒན་64བཅས་ཡོད་ཅིང་། དེ་ཁྲོད་དུ་དམའ་རིམ་དགེ་རྒན་22དང་། འབྲིང་རིམ་དགེ་རྒན་7། མཐོ་རིམ་དགེ་རྒན་1བཅས་ཡོད། སློབ་གྲྭའི་འཛུགས་སྐྲུན་གྱི་ཐད་ནས་བཤད་ན། ན་ནིང་ཏེ་དབྱང་རིགས་མཐུན་རོགས་སྐྱོར་གྱིས་སྒོར་ཁྲི་1750ལྷག་གི་མ་དངུལ་བཏང་ནས་སློབ་གྲྭའི་ཕྱོགས་བསྡུས་ཐོག་ཁང་ཆེན་མོ་འཛུགས་སྐྲུན་བྱས་པར་མ་ཟད། ད་ལོ་ཡང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་800ལྷག་བཏང་ནས་སློབ་གྲྭའི་ལུས་རྩལ་ར་བ་བསྐྲུན་པའི་འཆར་གཞི་འཐེན་ཡོད། དེའི་ནང་དུ་མཆོང་རྒྱུག་འཕེན་གསུམ་དང་རྐང་གྲུག་སྤོ་ལོ་འཕེན་ས་སོགས་འདུས་ཡོད་ཅེས་བཤད།

མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གི་སློབ་གླིང་རྙིང་བ།

         རྒྱུས་ལོན་པ་ལྟར་ན། 1985ལོ་ནས་2002ལོའི་བར། མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གིས་སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། མཚོ་སྔོན་ཀྲུང་ལུགས་གསོ་རིག་སློབ་གླིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་སོགས་སུ་ཤེས་ལྡན་མི་སྣ་1000ལྷག་བསྐྱལ་ཅིང་། བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བསུབ་ཏུ་མེད་པའི་མཛད་རྗེས་རླབས་ཆེན་བཞག་ཡོད་ལ། སློབ་གསོའི་ཆུ་ཚད་དེ་རང་ཁུལ་གྱི་འབྲོག་རྫོང་བཞི་དང་དཀར་མཛེས་ཁུལ་གྱི་རིགས་མཐུན་སློབ་གྲྭ་དང་བསྡུར་ན་སྔོན་ཐོན་གྱི་གྲས་སུ་བསླེབས་ཡོད། སློབ་སྒྲུབ་རྩ་དོན་གྱི་ལམ་སྟོན་འོག བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སློབ་ཁྲིད་དང་། ཆབ་སྲིད་དང་གསོ་རིག ཞིང་ལས་དང་ཐོན་སྐྱེད་ལག་རྩལ་སོགས་ཀྱི་སྐོར་ནས་ཤེས་བྱ་ཁྲིད་བཞིན་ཡོད་ལ། སློབ་གྲྭ་འདི་འཛུགས་མཁན་ཨ་ཁུ་བློ་བཟང་ཉི་མ་མཆོག་གིས་འབྲོག་ཁུལ་སློབ་གསོའི་དགོས་མཁོ་དང་ཁྱད་ཆོས་ལ་གཞིགས་ནས། སྤྱིར་བཏང་གི་སློབ་གསོ་དང་དར་མའི་སློབ་གསོ། ཆེད་གཉེར་ལག་རྩལ་སློབ་གསོ་གསུམ་ཟུང་འབྲེལ་གྱི་རྣམ་པའི་སློབ་གསོའི་ལམ་བུ་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ཀུན་སྤྱོད་དང་ཤེས་རིག་གཉིས་འཛོམས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་། རང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།

སློབ་གྲྭའི་ཟུར་ཞིག

        མཛོད་དགེ་རྫོང་ལྷ་མོ་བོད་ཡིག་སློབ་འབྲིང་གསར་དུ་བཙུགས་པ་ནས་བཟུང་། རྒྱ་ཆེའི་དགེ་སློབ་ཡོངས་ནས་ཐུན་མོང་གིས་འབད་བརྩོན་ལ་བརྟེན། 2003ལོ་དང་2010ལོར་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ་མ་ཡིན་པའི་ལོ་རིམ་ལ་ཁུལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞིའི་ཁྲོད། རྒྱུགས་འབྲས་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ལ། ལོ་རིམ་བདུན་པའི་གཅིག་གྱུར་རྒྱུགས་གཞིའི་ཁྲོད་རྫོང་ཡོངས་ཀྱི་ཨང་དང་པོ་ཐོབ། སློབ་གྲོགས་བློ་བཟང་སྒྲོལ་མས་རང་ཉིད་ད་ལོའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཞིག་ཡིན། ངའི་སེམས་སུ་སློབ་གྲྭ་འདི་ནི་རང་ཁྱིམ་དང་ཁྱད་པར་མེད་ལ། འདི་ནས་ངའི་རིག་གནས་ཤེས་བྱ་སྦྱོང་ཐུབ་པར་མ་ཟད། འགྲོ་ལུགས་འགྲོ་སྟངས་སོགས་ཀྱི་ཤེས་བྱ་མང་པོ་ཞིག་སྦྱོང་ཐུབ་པས། མ་ཡུམ་སློབ་གྲྭས་གནང་བའི་དྲོད་ཁོལ་ནི་དྲིན་ཅན་ཕ་མའི་བཀའ་དྲིན་ལྟར་ནམ་ཡང་བརྗེད་ཐབས་བྲལ་ཞེས་བཤད་དོ།། 

རྩོམ་སྒྲིག་པ།  ཚེ་པེ།   གཡུ་འཛོམས།