མི་རིགས་བསྐྱར་དར་ཆེད་དུ་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

རྩོམ་པ་པོ།   དུས་ཚོད།   2018-03-13རྩོམ་ཁུངས།    མི་དམངས་དྲ་བ།

       བཙོ་སྦྱང་ལན་བརྒྱ་བྱས་པས་ན། ནོར་སྡིངས་རྩ་ཆེན་ཡོངས་སུ་གྲུབ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད། འདི་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ། ཏང་སེམས་དང་དམངས་སེམས་གཏད་ཕྱོགས་བཅས་ཡིན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱ་རྒྱུའི་ངོས་ནས་བརྗོད་ཚེ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་བཞིན་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་བཞིན་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྩ་ཁྲིམས་བཟོ་བཅོས་ལས་དོན་སྤེལ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་ནས་《རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་》ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱེད་པའི་བར་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་《རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་》གྲོས་འཆམ་བྱུང་བ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་(མ་ཟིན)》གྱི་གྲོས་གཞི་ཆགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུ་དང་འབྲེལ། གྲོས་འཆམ་བྱ་རྒྱུར་འབུལ་བའི་བར་ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ཐད་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་ཀྱི་དགོངས་དོན་དང་རྩ་དོན་ཁྱབ་པར་བྱས་ཡོད། འདི་ནི་རང་རེའི་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་ལེན། སྣེ་ཁྲིད་དེ་ཁྲིམས་སྲུང་བཅས་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

        རྩ་ཁྲིམས་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཅིག་དང་། ཏང་དང་མི་དམངས་ཀྱི་འདོད་འདུན་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པས་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་བའི་བྱེད་སྒོ་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་དང་ནུས་པ་ལྡན་ཡོད། རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། དབང་གྲགས་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག རྩ་ཁྲིམས་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་རྩ་ཁྲིམས་ལག་ལེན་བསྟར་བའི་གཞི་རྩའི་ཆོས་ཉིད་ཅིག་རེད། 1954ལོར། རང་རྒྱལ་གྱི་རྩ་ཁྲིམས་དང་པོ་བཏོན་པ་ནས་ད་བར། རང་རྒྱལ་གྱི་རྩ་ཁྲིམས་ལག་ལེན་འཚོལ་ཞིབ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བའི་བརྒྱུད་རིམ་ཁྲོད་གནས་ཡོད། 1982ལོར། རྩ་ཁྲིམས་ཡོངས་བསྒྲགས་བྱས་ནས་ལག་ལེན་བསྟར་རྗེས་ཁག་སོ་སོར་བཟོ་བཅོས་ཐེངས་ལྔ་བརྒྱབ་ཡོད། བཟོ་བཅོས་བརྒྱབ་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་རང་རྒྱལ་རྩ་ཁྲིམས་ཀྱིས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་རྩ་བའི་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།

        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་རེད། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་ངེས་པར་དུ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་ཡོང་བ་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ནས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས”དེ་རྩ་ཁྲིམས་ཀྱི་སྤྱིའི་རྩ་འཛིན་གྱི་དོན་ཚན་དང་པོར་བཀོད་དེ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཡུན་དང་ལས་འགན་འཁུར་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་སོགས་ད་ཐེངས་རྩ་ཁྲིམས་བཟོ་བཅོས་རྒྱག་པ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པ་གཞིར་བཟུང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་། མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཀོད་དེ་ལག་ལེན་ཁྲོད་ཏང་དང་མི་དམངས་ལ་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་གལ་ཆེན་རྩ་ཁྲིམས་ཀྱི་གཏན་འབེབས་སུ་རིམ་སྤོར་བྱས་པ། དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་ཡོད་པས་ངེས་པར་དུ་རྩ་ཁྲིམས་ཀྱི་ཚད་ལྡན་དང་། སྣེ་ཁྲིད། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་བས་ལེགས་པའི་ངང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་འདུན་གྱི་དབང་གྲགས་སྲུང་སྐྱོང་བྱས་པ་ཞིག་རེད། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་སྐྱོབ་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་འདུན་གྱི་ལ་རྒྱ་སྲུང་སྐྱོབ་བྱས་པ་ཞིག་རེད། རྩ་ཁྲིམས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་བྱས་པའི་མཚོན་ཚུལ་ཞིག་རེད”ཅེས་མཛུབ་སྟོན་གནང་ཡོད། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་རྩ་ཁྲིམས་སྔར་བས་ལེགས་པའི་ངང་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པའི་རྩ་ཁྲིམས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་དེ་རེད། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་ལེན་བསྟར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་ལས་དོན་ཞིག་རེད། ང་ཚོས་ད་ཐེངས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་གོ་སྐབས་སུ་བཟུང་ནས་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་དེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནས་བབ་མངོན་གསལ་དོད་པོར་འཇོག་པ་དང་། བྱ་ཐབས་ནུས་ལྡན་སྤྱོད་པ་དང་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་འགན་ལེན་བྱ་ཆེད་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་ལེན་ཤུགས་ཆེན་བྱས་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་དང་། རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།