ངའི་མ་སྲུ་དེ་ཚོ་གནམ་གྱིས་སྲུངས།

རྩོམ་པ་པོ།   དུས་ཚོད།   2018-03-08རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཀྱེ་ཕུར་མཆོག་གསུམ།

ཁྱེད་ཚོ་ནི་མཁའ་ཡི་ཉི་ཟླ་དྲས་པའི་དྲ་རས་ཡིན།

གཡུ་ཡི་རྒྱ་མཚོ་ལྟེམས་པའི་གཞོང་པ་ཡིན།

གནམ་སའི་ཀ་བ་ཡིན།

ཉི་ཟླའི་འཕྱང་འཕྲུལ་ཡིན།

བུ་ཕྲུག་གི་མེ་ཏོག་འཁྲུངས་སའི་ས་ཞིང་གཤིན་པོ་ཡིན།

སྐྱེས་པ་ཚོས་ལག་ཟུང་བཟེད་སའི་ཟས་བཅུད་ཀྱི་གཏེར་ཁ་ཡིན།

དགུན་ཟླ་བཅུ་བའི་སློག་པ་དྲོན་མོ་ཡིན།

དབྱར་ཟླ་དྲུག་པའི་བསིལ་གདུགས་སྒོར་མོ་ཡིན།

ནམ་ཞིག་ཁྱེད་ཅག་མེད་ཚེ།

སྐྱེས་པ་ཚོའི་འཛུམ་མདངས་ལ་མྱ་ངན་འཁོར་ཞིང་།

བུ་ཕྲུག་དག་གི་འཚར་སྐྱེད་ལ་ཐན་པ་འཁོལ་ངེས།

བདག་གི་སེང་ལྕམ་འབྲུག་མོ། བདག་གི་མྱང་ཚ་དཀར་རྒྱན།

བདག་གི་མ་ཅིག་ལབ་སྒྲོན། བདག་གི་སྣང་ས་འོད་འབུམ།

གནའ་མི་རྒན་པོའི་ངག་རྒྱུན་དུ།

ཁྱེད་ཚོ་ནག་མོ་ཞེས་པའི་གདགས་གཞི་རེད།

དེའང་ཁྱེད་ཅག་གི་ཞེ་སེམས་གཏིང་ནས་ནག་པ་ག་ལ་ཡིན།

དུས་སྐབས་དེའི་ཕོ་མཆོག་མོ་དམན་གྱིས་བསྐྱེད་འབྲས་རེད།

དྲང་མོ་དྲང་མོར་ལབ་ན། ཁྱེད་ཅག་ནི།

འཁོར་བའི་འདམ་ལ་དཔྱངས་པའི་རྟེན་ཕུར་རེད།

འཇིག་རྟེན་གྱི་སྐྱེས་པ་མང་པོ་ཞིག་གིས།

ཁྱེད་ཅག་འཁར་བར་བགྱིས་ནས་ཡར་ལངས་ཡོད།

ཁྱེད་ཅག་ཇ་རུ་བཏུང་ནས་སྐོམ་པ་སེལ་ཡོད།

ཁྱེད་ཅག་གི་བྲང་ཁོག་ཡངས་པོའི་ནམ་མཁའ་ལས།

བུ་ཕྲུག་ཚོའི་གཤོག་པ་ལ་འཕུར་རྩལ་རྫོགས་ཡོད།

ཁྱེད་ཅག་གི་བཟའ་བཏུང་དག་གི་མཚོ་འཇིངས་སུ།

བཟའ་མི་ཚོའི་གསེར་ཉར་འཁྱུག་རྩལ་རྒྱས་ཡོད།

 

མཐོ་སྒང་གི་ཁ་བའི་དར་ཆ་སེམས་སུ་བསྒྲེངས་ཏེ།

མི་ཡུལ་གྱི་ལྷག་རླུང་འགམ་པའི་རྗེ་བཙུན་སྒྲོལ་མ།

དེ་རིང་ངལ་དུབ་ཀྱི་སླ་ང་གཡས་སུ་ཕོག་ནས།

སེམས་ཁྲལ་གྱི་ཕྱགས་མ་གཡོན་ལ་བོར་དང་།

མི་ཡུལ་གྱི་མགྲོན་པོ་ཁྱེད་ཚོ་ཡིན།

དག་གཙང་གི་ཁ་བཏགས་ཁྱེད་ཚོར་འབུལ།

 

ངས་རྒྱ་གྲོང་གི་གོམས་སྲོལ་བཞིན་ཁྱེད་ཚོར་མེ་ཏོག་མི་འབུལ།

ངས་ཕྱི་གླིང་གི་འགྲོ་སྲོལ་གྱིས་ཁྱེད་ཚོར་སྐེ་འཇུ་མི་བྱེད།

ངས་བོད་རང་གི་ཁྱད་ཆོས་ལྟར་ཁྱོད་ཚོར་འོ་ཇའང་འདྲེན་མི་ཐུབ་ཀྱང་།

ངས་ལྷག་བསམ་གཙང་མའི་ཡིག་འབྲུ་འགའ་བསྟར་ལ་བརྒྱུས་ཏེ།

ཁྱེད་ཅག་གི་མགུལ་བར་ཡང་ཡང་བསྒྲོན་འདོད།

དེ་ནི་ཁྱེད་ཅག་རྒྱན་ཆས་དབུལ་བས་མ་ཡིན་ལ།

ཁྱེད་ཅག་རྒྱན་ཆར་མོས་པས་ཀྱང་ག་ལ་ཡིན།

ངས་ཁྱེད་ཅག་ལའང་ཕ་སྐད་ཟེར་བའི་ནོར་བུ་ཞིག་ཡོད་པ།

ངོ་སྤྲོད་གསལ་བོར་བགྱི་བསམ་པས་ཡིན།

ངས་ཁྱེད་ཅག་ལའང་ཕ་ཡུལ་ཟེར་བའི་དག་ཞིང་ཞིག་ཡོད་པ།

བློ་ངོར་གསལ་བོར་འགེལ་བསམ་པས་ཡིན།

ངས་ཁྱེད་ཅག་ལའང་རང་དབང་ཟེར་བའི་མངའ་ཐང་ཞིག་ཡོད་པ།

རུས་པར་ཟབ་མོར་འབྲི་བསམ་པས་ཡིན།

 

དོན་དངོས་སུ། ཁྱེད་ཅག་ཀྱང་བཟའ་ཟླ་དང་བུ་ཕྲུག་དག་གི

དབྱར་ཚ་བའི་ཁྲོད་ཀྱི་ཆར་གདུགས་མ་རེད།

དགུན་འཁྱག་པའི་ཀློང་གི་སློག་པ་མ་རེད།

རང་ཉིད་ཀྱི་དུས་ཚིགས་རང་ཉིད་ཀྱིས་བསུས་ཏེ།

རང་ཉིད་ཀྱི་འབྱུང་གཞི་རང་ཉིད་ལ་དབང་དགོས།

མ་འོངས་པར། ཁྱེད་ཚོའི་ལྷག་བསམ་དག་གི་གཏེར་ཁ་ནས།

ད་དུང་རིགས་རྒྱུད་ཀྱི་མྱུ་གུ་མང་དུ་འབུ་དགོས་ཨང་།

 

དྲང་མོར་ལབ་ན།

ཁྱེད་ཚོ་ནི་འཚོ་བའི་ཁྲོད་ཀྱི་ཐུར་མ་དང་ཁེམ་བུ་ག་ལ་ཡིན།

རྩྭ་ཕྱགས་དང་ལྕགས་ཁེམ་ཡང་ག་ལ་ཡིན།

གང་ཡིན་ཞེས་ན། གཡང་ཁྱིམ་འོད་ཀྱི་གུར་ཁང་དེའི་གདུང་མ་ཡིན།

འཚོ་བ་དུས་ཀྱི་མཚོ་མོ་འདིའི་ནམ་མཁའ་ཡིན།

ཀྱེ་ཀྱེ། སྲིད་པའི་རྟེན་ཕུར་ཏེ། ངའི་མ་སྲི་དེ་ཚོ་གནམ་གྱིས་སྲུངས།