ངའི་མིག་ཟུང་།

རྩོམ་པ་པོ།   དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ད་ནི་སྒེའུ་ཁུང་ཕྱི་རོལ་གྱི་སྡོང་རྒན་དེ་ལ་ལྗང་མདོག་གི་མདངས་ཤིག་འཁྱིལ་འདུག་ཅིང་བྱེའུ་འགའ་དུས་རྒྱུན་དུ་ཆགས་མེད་དུ་འཁོར་ཡོང་ནས་ཅ་ཅོའི་སྒྲ་སྒྲོག་བྱེད།དེ་སྡོང་བོ་གཞན་དག་དང་མི་འདྲ་བར་གཅིག་པུ་ས་ལྷག་ཅིག་ཏུ་བཙུགས་ཡོད་ནའང་ལོ་ཕལ་ཆེར་ང་ལས་ཆེ་བས་གོ་ཆོད་པོ་འདུག།མི་རྣམས་ཀྱིས་ཁོ་རང་གི་བསིལ་གྲིབ་དེ་བེད་སྤྱོད་ཅི་ཐུབ་བྱེད་པ་ལས་ཁོའི་སྐོར་ལ་དོ་སྣང་གང་ཡང་བྱེད་ཀི་མེད།

         ད་ལྟ་ངའི་མིག་ལ་ཐོགས་ས་ཞིག་ཡོད་པ་ནི་ཁོ་ཡིན།ལན་རེར་ངའི་གྲོགས་པོ་ཞིག་གི་ཚད་དུའང་འཇོག་མྱོང་ཡོད།

         ང་རང་ནམ་རྒྱུན་ཁོའི་མདུན་ནས་ཕར་ཚུར་ལ་ཐེངས་གྲངས་མེད་པ་ཞིག་འགྲོ་མྱོང་ཡོད་ན་ཡང་ཁོའི་བསིལ་གྲིབ་དེ་བེད་སྤྱད་ནས་ངལ་གསོ་མྱོང་མེད།མིག་འཚོས་བྱས་ཏེ་ཉི་མ་འཁྱོལ་བ་ཁོ་ན་རང་ཡིན།ངས་ཁོ་ལ་མི་ལས་ལྷག་པའི་བརྩེ་འདང་ཞིག་བཅངས་མྱོང་ཞེས་བཤད་ན་སུས་ཡིད་ཆེས་ངེས་ཆེས་མི་སྲིད།

        ལོ་འདབ་ལ་ལྗང་མདོག་གི་ནེམ་ཤ་ཞིག་བཟུང་ཡོད་པ་དེས་བག་སྤྲོ་ལྷོད་ཡང་གི་ཚོར་བ་ཞིག་ཤེས་མེད་ཚོར་མེད་དུ་སྦྱིན་པས་ང་ལ་གཞི་ནས་སང་ཉིན་གྱི་འཚོ་བ་དེ་དགའ་བའི་འཛུམ་གྱིས་བསུ་དགོས་པའི་སྤོབས་པ་བླ་མེད་ཅིག་སྐྱེས།བལྟས་ཀིན་བལྟས་ཀྱིན་དུ་ཁོང་དགོད་འགའ་བྱས།

       ངའི་ཡ་ཐོད་ཀྱི་གཉེར་རིས་དང་འདྲ་བའི་སྡོང་ཤུན་དེའི་ཕག་ན་མཛད་མཐའ་མེད་པའི་སྟོབས་ཤུགས་ཤིག་འདུག།།དེ་ནི་རང་ག་བ་ཞིག་མ་རེད།ཁོས་སྙིང་རྗེ་བྲལ་བའི་དུས་བཞིའི་འགྱུར་ལྡོག་གི་ཁྲོད་ནས་ལང་ཚོའི་ཟློས་གར་ཅི་ལྟར་འཁྲབ་ན་ཡང་ཁོའི་ཚེ་སྲོག་གི་གཟི་མདངས་དང་རང་གཤིས་ཀྱི་འགྱུར་བག་སྔར་ལས་ཇེ་བརྟན་ཇེ་རྒྱས་རེད།

       ངས་ཉིན་གཅིག་གི་བསྐྱར་ཟློས་ཀྱི་ལས་ཀ་དེ་དག་བསྒྲུབས་ཚར་མ་ཐག་ལོགས་ཤིག་ཏུ་བསྐྱུར་ཏེ་སྒེའུ་ཁུང་ཁར་རྐུབ་སྟེགས་ཤིག་དྲུད་འོངས་ཏེ་ངལ་གསོས།ལས་ཐག་ཅུང་རིང་བས་མིག་ཟུང་རབ་རིབ་ཏུ་གྱུར་འདུག།།མིག་ཟུང་ཡག་པོ་ཞིག་སྲུང་སྐྱོབ་བྱེད་ཆེད་དུ་ལས་ཀ་ཚར་མ་ཐག་རྒྱང་རིང་གི་ཡུལ་ལྗོངས་ལ་བལྟ་བ་དང་ཟ་འགྲམ་ནས་ཕུར་ཕུར་བྱེད་པའི་གོམས་གཤིས་ཤིག་སྔ་མོ་ནས་ཆགས་ཡོད།ཕྱི་རོལ་ལ་བལྟ་བའི་བར་མཚམས་ཅིག་ལ་སྡོང་རྒན་དེ་ངའི་མིག་ལམ་ལ་སྣང་བྱུང་། ཨ་ཁ་ཁ།བལྟས་ཀྱིན་བལྟས་ཀྱིན་དུ་ད་ནི་ང་རང་ཁོ་ལས་རྒས་གིན་པ་འདྲ།ནམ་རྒྱུན་དང་མི་འདྲ་བར་སེམས་ལ་འཚུབ་སྣང་ཞིག་སྐྱེས་བྱུང་།དཀར་སེ་རེར་གདའ་བའི་ཁ་སྤུ་དེ་དག་ག་དུས་སྐྱེས་པ་དང་ཁ་དོག་འགྱུར་འགོ་བརྩམས་པའང་དངོས་གནས་བཤད་རྒྱུ་མི་འདུག།།ཐར་ཐོར་དུ་སྐྱེས་པའི་ཁ་སྤུ་དེ་དག་ལ་ཡང་ལྗང་མདོག་གི་ནེམ་ཤ་ཞིག་འཁྱུད་ན་ཅིས་མ་ཆོག་ཨང་།

       ངའི་དཔེ་སྒྲོམ་ནང་ན་ཆེ་རྒྱུ་ཆུང་རྒྱུ་མེད་པའི་པར་རྙིང་ཞིག་འདུག་ཅིང་དེའི་སྟེང་གི་སྨན་ཤར་དེའི་མིང་ལ་ཆོས་འཛོམས་སྒྲོལ་མ་ཞེས་ཟེར།ཐོད་ཞེང་ཆེ་ཞིང་སྣའི་གཟེངས་དེ་འདྲའི་མཐོ་རྒྱུ་མེད། སྐྲ་ལོ་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད། ནག་ཀྱུག་ཀྱུག་ཏུ་མི་སྣང་བར་ཅུང་ཟད་སེར་ཤས་སུ་གདའ། རྒྱང་ལྟོས་ཀྱིས་སེམས་པ་གཡོ་བར་བྱེད་པ་ཞིག་ཡིན་ཡང་ཞིབ་པར་བལྟས་ན་དེ་འདྲའི་ཚོད་ཡང་མིན།ཡིན་ཡང་ངང་རྒྱུད་དང་གཤིས་ཀ་དུས་ཡུན་འོས་འཚམ་ཅིག་ལ་མ་འགྲོགས་ན་སུས་ཀྱང་ཡིད་ཆེས་དཀའ་བའི་ལོག་ལྟ་ཞིག་སྐྱེས་སུ་འཇུག་སྲིད།མི་སུ་ལའང་ཆེས་ཐོག་མར་བག་ཆགས་ཟབ་མོ་ཞིག་འཇོག་བྱེད་ནི་ཁོ་མོའི་སྐྱེས་གཟུགས་མ་ཡིན་པར་ཡ་ཐོད་ཀྱི་མིག་ཟུང་ཆ་དེ་ཡིན།ཁྲ་རིག་རིག་གི་མིག་ཟུང་དེར་སུས་ཀྱང་རྟོགས་དཀའ་བའི་གསང་བ་མང་པོ་ཞིག་སྦས་ཡོད།ཐ་ན་ངས་ཀྱང་ཕྱིས་ནས་མ་གཏོགས་མ་ཤེས་ལ་གསང་བའི་གནད་དེ་ཁྲོལ་དུས་ཤིན་ཏུ་འཕྱི་འདུག །གང་ལྟར་ཀྱང་གསང་བ་དེ་ཁྱོད་ཚོར་མཚོན་ན་གལ་ཆེན་པོ་ཞིག་མིན་ལ་ཡིན་ཀྱང་མི་སྲིད།ང་ནི་ཁྱོད་ཚོ་ལས་ལྡོག་པའོ།།གསང་བ་དེས་ང་ཡང་དུས་རྟག་ཏུ་བསམ་གཞིག་གི་རྒྱ་རུ་དྲུད་དེ་ཡར་ན་ཡོད་དུས་མར་ལ་གཡུགས་པ་དང་མར་ན་ཡོད་དུས་ཡར་ལ་གཡུགས་པར་བྱེད།ཁྱོད་ཚོའི་མིག་ལམ་དུ་ང་ནི་ཅི་བྱེད་འདི་བྱེད་མེད་པའི་སྨྱོན་པ་ཞིག་ཡིན་ཡང་སྲིད།

        གྲོང་ཁྱེར་ནི་དངོས་གནས་ཕྱི་ལྟོས་ཡག་ཅིང་ཁོག་པར་འབུས་ཚང་བཟོས་པའི་ཀུ་ཤུ་དམར་པོ་དེ་དང་ཅི་འདྲའི་མཚུངས་ཨང་།ལམ་གྱི་བཞི་མདོར་སླེབས་དུས་གོམ་གང་ཕྱིར་བསྣུར་ན་མིར་ཐོགས་འོངས་ལ་སྔུན་ལ་གོམ་གང་སྤོས་ན་རླངས་འཁོར་གྱིས་གཅུར་འོངས།ད་ནི་དུས་ཚོད་ཀྱང་མི་སྔ་བས་དགོང་ཟས་ཟོས་ཚར་རྗེས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་འཆམ་འཆམ་ལ་ཕྱིན། ང་རང་གཅིག་པུ་ལས་མི་གཞན་མེད་ལ་རྡོ་ཕ་བོང་གི་སྟེང་དུ་བཙོག་ནས་ཤར་ཕྱོགས་སུ་རྒྱང་བལྟ་བྱས། དགའ་སྐྱོའི་ཚོར་བ་སྐྱེན་པོ་ཞིག་གིས་གཟུགས་བཅས་ཀྱི་ཕུང་པོ་འདི་ལ་རང་དབང་ཅུང་ཙམ་ཡང་མི་སྟེར་བར་ཤ་བསྒྲིམས་སུ་བཅུག །སྐྱིད་ཆུ་བཞུར་བའི་ངང་ཚུལ་ནི་ངའི་ཕྱིར་དྲན་དང་ཅི་འདྲའི་མཚུངས་ཨང་། འཇམ་ཐིང་ཐིང་གི་བཞུར་རྒྱུན་དེའི་ཁྲོད་དུ་སུས་ཀྱང་རྟོགས་དཀའ་བའི་གསང་བ་མང་པོ་ཞིག་སྦས་ཡོད་ཨང་།

       "ད་དུང་གཉིད་མེད་དམ།"

       "དཔེ་ཆར་བལྟས་བསྡད་ཡོད།"

        "དུས་ཚོད་བཅུ་གཉིས་ལ་སླེབས་གྲབས་འདུག །སྔ་མོར་མཚམས་བཞག་ནས་གཉིད་དུ་འཇུག་རྒྱུ་མ་གོམས་ན་མིག་ལ་གནོད་ངེས། དཔེ་ཆར་ཇི་འདྲ་དགའ་རུང་། བདེ་ཐང་གཙོ་བོ་རེད། ད་གཉིད་རྒྱུ་བྱོས།"

        "ཁྱོད་ད་དུང་གཉིད་རྒྱུ་མིན་ནམ།"

        "ང་ཟེར་རམ། ཧེ་ཧེ། དཔེ་ཆར་མི་དགའ་བའི་མི་དེ་དངོས་གནས་ཕག་པ་དང་འདྲ་པོ་འདུག གཉིད་རྒྱུའི་ཕྱོགས་ལ་འདང་རྒྱག་སྤུ་ཙམ་མེད། ཡིན་ཡང་ཁྱོད་ཀྱིས་དཔེ་ཆར་བལྟས་བསྡད་ཡོད་བསམས་ནས་ཁ་པར་གཏོང་མ་ཕོད། བལྟ་ཡུན་རིང་དྲགས་ན་ལུས་པོ་དང་ལྷག་པར་དུ་མིག་ལ་གནོད་པར་བསམས་ནས་ཡང་ཁ་པར་མི་གཏོང་རང་གཏོང་རེད།"

        "སྙིང་ཉེ་མ། དཔེ་ཆར་བལྟ་མཚམས་བཞག་ཟིན།"

        "རྗེས་མར་ཁྱོད་ནི་ངའི་ཁྱོ་ག་རེད་ལ་དགེ་རྒན་ཡང་རེད། ངས་ངེད་གཉིས་ཀྱི་ཡུལ་སྐོར་གྱི་འགྲུལ་བཞུད་རིང་མོའི་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ། སྙིང་ཉེ་བའི་ཁྱོད་ཀྱི་གམ་ནས་ཤེས་བྱ་མང་པོ་བསླབ་ངེས། དེ་ནི་སློབ་གྲྭར་དགེ་རྒན་གྱིས་འཁྲིད་པ་དང་རྩ་བ་ནས་མི་འདྲ། གལ་ཏེ་ང་རང་ཐང་ཆད་ན་ཁྱེད་ཀྱི་བྲང་གཞུང་དུ་མགོ་བོ་བསྙེས་ནས་རྨི་ལམ་གྱི་ཞིང་ཁམས་འགྲིམ་ཆོག  ང་ལ་མཚོན་ན་དེའི་ཡན་གྱི་བདེ་སྐྱིད་ཞིག་ཡོད་མི་སྲིད།"······

        ཆོས་འཛོམས་སྒྲོལ་མ་དང་ངེད་གཉིས་དགའ་རོགས་བསྒྲིགས་ནས་ལོ་དྲུག་ཙམ་ཕྱིན། ཡིན་ཡང་ད་དུང་གཉེན་བསྒྲིགས་མེད། དང་ཐོག་ངོ་ཅི་ལྟར་ཤེས་པའི་ཐད་ལ་གསལ་པོ་ཞིག་བཤད་རྒྱུ་མེད། རྒྱུ་མཚན་ནི་ཕན་ཚུན་ལ་ཡིད་ཆེས་ཡག་པོ་ཞིག་མེད་པས་མཚམས་རེར་ཁ་བརྡ་བྱས་པ་ཡིན། ལན་རེར་ཁ་བརྡ་བྱ་མཚམས་ཆད་ནས་བདུན་ཕྲག་གསུམ་བཞི་རེ་འགོར་བའང་ཡོད། ཕྱིས་སུ་རིམ་གྱིས་ཁ་བརྡ་བྱས་པ་བརྒྱུད་འདང་བརྩེ་ཇེ་ཟབ་ཏུ་གྱུར། ང་ནི་དཔེ་ཆར་བལྟ་བ་དང་། རི་མོ་འབྲི་བ། གནས་སྐོར་འགྲིམས་པ་བཅས་ལ་ཤིན་ཏུ་དགའ། མོ་ཡང་དཔེ་ཆར་དགའ་བ་མ་ཟད་གནས་སྐོར་ལ་དེ་བས་ཀྱང་དགའ། འདི་ནི་ངེད་གཉིས་ཕན་ཚུན་ལ་བརྩེ་བའི་མྱུ་གུ་འབུས་པའི་ཉེར་ལེན་གྱི་རྒྱུ་རུ་སོང་།

       སྔར་ལས་ཀྱང་ཁ་བརྡ་མང་དུ་སོང་། མོ་རང་གཏམ་རྒྱུད་ལ་ཤིན་ཏུ་སྤྲོ་བས། རྟག་པར་ངས་དཔེ་མཚམས་བཞག་རྗེས་ཡང་དང་བསྐྱར་དུ་ནན་བྱས་ཏེ་ང་ལ་གཏམ་རྒྱུད་སྣ་ཚོགས་བཤད་དུ་འཇུག་ངེས། མོ་ནི་བྱིས་པ་ཞིག་དང་འདྲ་བར་ངའི་བརླ་སྒང་ལ་གྲུ་མོ་ཁེན་ནས་མིག་ཟུང་ཅེ་རེར་མཉན་རྒྱུར་གོམས་ཡོད། མཚམས་རེར་འཛུམ་དམུལ་དམུལ་གྱིས་ཁོང་དགོད་ཙམ་བྱེད་པ་ལས། ཐ་ན་གློ་ལུག་ཞིག་རྒྱག་དགོས་ཀྱང་བསྲན་གཟུག་ཅི་ཐུབ་བྱེད།

      ཐེངས་ཤིག་ལ། ངས་སྔར་བཞིན་མོའི་རེ་བ་ལྟར་གཏམ་རྒྱུད་བཤད་འགོ་ཚུགས། དུས་ཚོད་ཅི་ཙམ་ལ་སླེབས་པ་མ་ཤེས་ལ་གཏམ་རྒྱུད་ག་ཚོད་ཅིག་བཤད་པའང་མ་ཤེས། ང་རང་གཉིད་ལྕོག་བརྒྱབ་པ་འདྲ། མོས་ང་རང་སྒུལ་ནས་ཉལ་བར་སྐུལ། དུས་དེ་ནས་བཟུང་། མོས་ང་ལ་གཏམ་རྒྱུད་བཤད་ནས་དུས་ཚོད་མང་པོ་འགོར་དུ་མི་བཅུག མོས་དུས་ཚོད་ཅིག་བཀོད་སྒྲིག་བྱས་ཡོད་པ་འདྲ། སྐབས་དེར་སླེབས་མ་ཐག་གཏམ་རྒྱུད་ཀྱི་མཇུག་སྒྲིལ་མེད་ཀྱང་ངེས་པར་དུ་མཚམས་འཇོག་དགོས། ད་དུང་ངས་དཔེ་ཆར་བལྟ་དུས་ཀྱང་བལྟ་ཡུན་རིང་དུ་མི་འཇུག་པ་དང་ཟས་ཀྱང་དུས་ལྟར་བཟའ་དགོས། འདི་ནི་སྙིང་ཉེ་མའི་བཀའ་རེད། རྟག་པར་ང་ལ་བཀའ་དེ་འདྲ་ཞིག་གཏོང་དགོས་དོན་གང་ཡིན་མ་ཤེས་ལ་དྲིས་ཀྱང་མ་མྱོང་།

      ངེད་གཉིས་གནས་སྐོར་ལ་འགྲོ་བའི་དམིགས་ཡུལ་དེ་གཅིག་མ་ཡིན། ང་ནི་གནའ་བོའི་མེས་པོ་དག་གི་རུས་རྐང་ལ་འཚངས་པའི་གཏམ་རྒྱུད་དེ་འཐུ་ཞོར་རང་ཉིད་ཀྱི་ཤེས་རྒྱ་མཐོང་རྒྱ་བསྐྱེད་རྒྱུ་དེ་ཡིན། མོ་ནི་དེ་ལས་ལྡོག་སྟེ་དགོན་པ་དང་རི་ཆུ་བྱིན་རླབས་ཅན་དག་ལ་མཆོད་མཇལ་བྱས་ནས་སེམས་ཀྱི་བདེ་བ་འཚོལ་བར་བྱེད། ཡིན་ཡང་དམིགས་ཡུལ་ཐ་དད་ལས་ངེད་གཉིས་ཀྱི་བརྩེ་བ་དང་འཚོ་བར་འགལ་བ་ཅི་ཡང་མེད། དུས་ནམ་ཡང་ཕན་ཚུན་ལ་འཁང་ར་སྤུ་ཙམ་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་རམ་འདེགས་ཞུ། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་སྔ་གཞུག་ལ་འདང་རྒྱག་ཤེས་པ་མ་ཟད།  ནོར་འཁྲུལ་མི་འབྱུང་བའི་མི་ཞིག་ཤིན་ཏུ་དཀོན་པ་དང་རང་གིས་རང་ལ་ཡིད་ཆེས་བྱ་རྒྱུ་དེ་གལ་འགངས་ཆེ་ཚུལ་སོགས་རྟག་པར་ང་ལ་སྐུལ་མ་བཏང་འོངས། ང་རང་མོ་ལ་སེམས་གཏིང་ནས་དགའ་བའི་རྒྱུ་མཚན་ཡང་མཐར་གཏུགས་ན་འདི་ལ་ཐུག་ཡོད། དེའི་རྐྱེན་གྱིས་ངས་དུས་ནམ་ཡང་མོས་བཏང་བའི་བཀའ་ལ་ཡར་ལྡོག་བྱེད་ཀྱི་མེད།

       མོ་རང་ཕ་ཡུལ་དུ་ལོག མོའི་ཕ་ཡུལ་དེ་ལྷ་སའི་སྐྱིད་ཆུའི་ཤར་ཕྱོགས་ཀྱི་ཐག་ཤིན་ཏུ་རིང་སའི་ལུང་ཀྱོག་ཅིག་ཏུ་ཡོད། ལུང་པ་དེར་ཁ་པར་གྱི་བརྡ་རྟགས་ཡག་པོ་མེད། མོས་ནམ་རྒྱུན་བརྡ་རྟགས་ཡོད་ས་ཞིག་ནས་ང་ལ་ཁ་པར་གཏོང་བ་དང་འཕྲིན་ཐུང་བསྐུར་སོགས་བྱེད་ཀྱི་ཡོད། ལན་རེར་དུས་ཚོད་རིང་པོར་འབྲེལ་གཏུག་བྱ་མི་ཐུབ། ཡིན་ཡང་ཐབས་ཤེས་གཞན་ཞིག་ཡོད་པ་ནི་བསྒུག་རྒྱུ་དེ་ཁོ་ནའོ། །

       ད་ཐེངས་མོ་རང་ཕ་ཡུལ་དུ་ལོག་ནས་ཟླ་གཉིས་ལ་མ་སླེབས་ཙམ་འགོར་སོང་། ཕྱིར་འཕྲིན་ཐུང་གཅིག་ཀྱང་བསྐུར་མ་སོང་། དེར་བརྟེན་ངའི་རེ་སྒུག་ནི་སྤྱི་རྒྱ་སྟོང་ཕྲག་ལས་ལྕི་བ་སུས་ཚོར་སྲིད། བསྟུད་མར་ཉིན་འགའ་ལ་འཕྲིན་ཐུང་མང་ཙམ་ཞིག་བསྐུར་བ་ཡིན། ངའི་བསམས་པར་མོ་རང་བརྡ་རྟགས་ཡོད་ས་ཞིག་ཏུ་ཐོན་ནས་ཁ་པར་ཁ་ཕྱེས་ན་མཐོང་སྲིད་ལ། དེ་དུས་ཕྱིར་ལན་ལྡོན་འོངས་པ་ཁོ་ཐག་ཡིན་བསམས་ནས་རང་སེམས་བདེ་ལ་འབབ་ཅི་ཐུབ་བྱས། ཡིན་ཡང་གྲགས་འགུལ་མ་བྱུང་།

དགོང་མོའི་ཆུ་ཚོད་བཅུ་པའི་སྟེང་ལ། ཁ་པར་སྟེང་དུ་ཚོན་འཕྲིན་ཞིག་སླེབས་པའི་བརྡ་གྲགས་བྱུང་། མོའི་ལན་ཡིན་པའི་ཚོར་བ་སྐྱེན་པོ་ཞིག་གིས་ང་ནི་བུ་ཕྲུག་གིས་ཨ་མའི་གསུང་ཐོས་པ་དང་གཉིས་སུ་མ་མཆིས། སུས་ཀྱང་སྐབས་དེའི་ངའི་དགའ་བ་དེ་མྱོང་ཐབས་བྲལ།

        མྱུར་པོར་ཚོན་འཕྲིན་ལ་བལྟས་པ་ན་བཙུན་མ་ཞིག་གི་པར་རེད། ངས་ཅི་ཡིན་འདི་མ་ཤེས་ལ་གསལ་པོ་ཞིག་མ་བལྟས་གོང་ཕལ་ཆེར་མི་གཞན་པ་ཞིག་གིས་བསྐུར་བ་ནོར་བ་འདྲ། ཡང་མིན་ན་མོའི་ཁྱིམ་གྱི་ནང་མི་ཞིག་ཡིན་པར་ཐག་བཅད། ཐེངས་འགར་ནན་བྱས་ནས་བལྟས་མཐར་ངའི་སེམས་པ་ནི་རྒྱ་མཚོའི་རྦ་རླབས་རླུང་ཆེན་གྱིས་དེད་པ་བཞིན་དྲག་ཏུ་གཡོས། ཡུན་རིང་ཞིག་ལ་ངས་རང་གི་སྙིང་ཆུང་དེ་ལྡིང་གྱིན་ཡོད་མེད་ཡང་མ་ཤེས། མཚམས་ཤིག་ལ་འཁོར་ཕྱོགས་ཤིག་གིས་གཡས་ཀྱི་མེ་ལོང་དེར་བལྟ་དུས་ངོ་མདངས་སྐྱ་ཐག་གེར། མིག་ཟུང་ལྐོག་ལ་ལྷུང་ནས་འོད་ཀྱིག་གེར། ཁོག་སྟོད་འདར་བཞིན་པ་མཐོང་བྱུང་། དབུགས་ཀྱང་དུས་ཡུན་རིང་པོ་ཞིག་ལ་འབྱིན་རྔུབ་མི་ཐུབ་པ་དང་བྲང་ཁོག་ཏུ་ཕ་བོང་ལྕི་མོ་ཞིག་སྦས་ཡོད་པའི་སྣང་བ་སྐྱེས། ཁ་པར་ནང་གི་ཚོན་འཕྲིན་དེར་ཡིད་ཆེས་ཐབས་བྲལ།

      ཐེངས་འགར་བསལྟས་ཀྱང་འགྱུར་བ་ཅི་ཡང་མ་བྱུང་བས། ཁང་པའི་ནང་དུ་ཡར་འགྲོ་མར་འགྲོ་བྱས། ཞེ་བསམ་པའི་གཏིང་ནས་ཀི་རིང་ཞིག་འདེབས་འདོད་ཀྱང་མགྲིན་པ་བརྣངས་པས་བྱ་ཐབས་ཟད། ཁུ་ཚུར་གྱིས་ལྡེབས་ངོས་སུ་ཐེངས་འགར་བརྡུངས་ཀྱང་ན་བའི་ཚོར་བ་ཅི་ཡང་མ་བྱིན། རེ་ཞིག་རྒོད་པོའི་གཤོག་རྩར་མདས་རྨས་པ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར།

      དབུ་སྐྲ་བཞར་བས་དཀར་སངས་ངེར་གདའ། ལུས་ལ་སྟོན་པའི་ན་བཟའ་ངུར་སྨྲིག་དེ་མནབས་ཤིང་ཕྱག་ཏུ་ཕྲེང་བ་ཐོགས། སྤྱན་ཟུང་ད་དུང་ཁྲ་རིག་རིག་ཏུ་སྣང་བས་སྔར་གྱི་གསང་བའི་གནད་དེ་གཞི་ནས་རྙེད་སོང་བ་འདྲ། ཞལ་འཛུལ་དམུལ་མེར་སེམས་པ་མ་སྐྱོ། དེ་རིང་ནས་བཟུང་ངེད་གཉིས་ཀྱི་རྟགས་ཐ་དད་པ་ཡིན་རུང་། དམིགས་ཡུལ་སྔར་བཞིན་གཅིག་ཡིན། དུས་ནམ་ཡང་ཁྱོད་དང་འགྲོགས་ནས་བདེ་བའི་བདེ་བ་དེར་བསྙེགས་ཀྱིན་ཡོད། བདེ་ཐང་དང་ཡིད་ཆེས་གཉིས་ནི་ཁྱེད་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བས། གོམ་མཚམས་མ་འཇོག་པར་མདུན་དུ་བསྐྱོད་ཅིག དུས་ནམ་ཤིག་ལ་ཁྱེད་ཀྱི་དམིགས་འབེན་དེ་འགྲུབ་ངེས། ངས་ཡང་ཉིན་དེར་བསྒུག་ནས་བསྡད་ཡོད་ཞེས་གསུངས་ཀྱིན་པའི་སྣང་བ་ཞིག་གིས་ང་ནི་སྙིང་ལ་གཟེར་ཤ་རྟ་རྒོད་སྲབ་ལས་ཤོར་བ་བཞིན་རྒྱུགས། སུས་ཀྱང་ངའི་སྐད་ཅིག་མའི་ཚོ་བ་དེ་མྱོང་ཐབས་བྲལ་ལ་འདི་ལས་ལྷག་པའི་སྡུག་བསྔལ་ཞིག་ནམ་ཡང་འབྱུང་མི་སྲིད་སྙམ་ནས་བྲང་ཁོག་ན་ཞིང་གཅུ་ལོག་བརྒྱབ།

      ཀྱེ་མ། ཚོན་འཕྲིན་སྟེང་གི་བཙུན་མ་འདི་ནི་ངའི་ཉིན་མཚན་དབྱེར་མེད་ལ་བསྒུགས་པའི་སྙིང་ཉེ་བའི་མི་དེ་ཨེ་ཡིན་ནམ།

      ཉིན་ཤས་འགོར་རྗེས། ང་ལ་གློ་བུར་བའི་དྲན་ཚུལ་ཞིག་སྐྱེས་བྱུང་།

     ཉིན་དེར་ཡང་བསྐྱར་ཚོན་འཕྲིན་དེར་ཅེར་ནས་སྐར་མ་བཅུ་ཤས་ཤིག་འགོར་སོང་ལ་ཆེས་མཐའ་མའི་བལྟ་ཐེངས་དེ་ཡིན། འདི་ནི་མོས་ང་ལ་བསྐུར་བའི་ཆེས་མཐའ་མཇུག་གི་འཕྲིན་པ་དེ་ཡིན་ལ། སུས་ཀྱང་རྟོགས་མ་ཐུབ་པའི་གསང་བ་དེའང་འདི་རུ་སྦས་ཡོད། བལྟས་ཚར་རྗེས་མོའི་ཁ་པར་ཨང་གྲངས་དང་། འཕྲིན་ཡིག། པར་སོགས་མོར་འབྲེལ་བ་ཡོད་ཚད་བསུབས། ཡིན་ཡང་མོའི་སྙིང་གི་འཕར་ལྡིང་དང་ཟུངས་ཁྲག་གི་རྒྱུ་བ། ཐ་ན་དབུགས་ཀྱི་དབྱིན་རྔུབ་སོགས་ནི་ང་དང་གཞི་གཅིག་ཏུ་འདྲེས་ནས་ངའི་སེམས་ཀྱིས་མྱོངས་ཀྱིན་ཡོད།

       ངས་མོ་རང་དྲན་མ་ཕོད། མོ་ནི་སྔར་གྱི་ངའི་སྙིང་ཉེ་བའི་མི་དེ་མིན།

       ཞོགས་པར་སྔ་མོར་ལངས་ཏེ། གཙུག་ལག་ཁང་དང་ར་མོ་ཆེ་རུ་སོང་ནས་མོ་ལ་ཞབས་བརྟན་ཞུས། ད་དུང་ང་ནི་ཉོན་མོངས་ཀྱི་བདག་འཛིན་ཅན་ཡིན་པས་དུས་གཏན་དུ་བརྗེད་དེ། བཅོམ་ལྡན་གྱི་རྗེས་སུ་འབྲངས་ཏེ་བློ་སྣ་དམ་པའི་ཆོས་ཀྱིས་ཟིན་ནས་འགྲོ་བ་ཀུན་ལ་ཕན་གདག་པར་སྨོན་ལམ་ནན་ཆེར་བཏབ།

        ང་ནི་མོའི་ཆེས་མཐའ་མཇུག་གི་དགའ་རོགས་དེ་ཡིན་ལ། མོ་ཡང་ངའི་ཚེ་འདིའི་ཆེས་མཇུག་མཐའི་སྙིང་ཉེ་བའི་མི་དེ་ཡིན། སྐབས་དེར་ང་ལ་དགའ་བ་དཔག་མེད་ཅིག་སྐྱེས།

        ང་ནི་འདི་ལྟར་སྲིད་པའི་གྲོང་དུ་དམིགས་ཡུལ་གང་ཡང་མེད་པར་ཉིན་མཚན་ལྟོས་མེད་དུ་ཕག་པའི་འཚོ་བ་རོལ། མི་ཚེ་ལ་སྙིང་པོ་ལོན་པ་ཕར་ཞོག་གཞན་ལ་སྟོན་རྒྱུའི་ལག་རྗེས་ཏིལ་ཙམ་ཞིག་མེད་པའི་སྐབས་འདིར། ངའི་སྙིང་ཉེ་བའི་མི་དེས་འཁོར་བ་བློས་སུ་བཏང་བ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད། ང་ནི་ཅིའི་ཕྱིར་སྐྱོ་དགོས།

       ཆོས་འཛོམས་སྒྲོལ་མ། འོ་མ་རེད། ཨོྃ་བཛྲ་སྭ་ཏྭ། ཉོན་མོངས་ཀྱི་འདམ་དུ་བྱིངས་བའི་ང་འདིའི་ཁ་འདི་ལ་ཅི་བྱུང་སོང་། ཆོས་སྐལ་མེད་པའི་མི་ནི་ངོ་མ་སྙིང་རྗེ་བ་ཞིག་རེད་ཨང་།

       མོ་ནི་ད་ལྟ་བཙུན་མར་གྱུར་ཟིན། དཀོན་མཆོག་གསུམ་པོས་མཁྱེན། མོའི་སྐུ་ཚེ་རིང་ཞིང་འཚང་རྒྱ་བར་ཤོག

      ཉིན་དེ་ནས་བཟུང་། ངས་ཁྲོམ་གཟིགས་ཁང་གི་ཚོང་ར་ནས་མཆོད་རྐོང་གཅིག་ཉོས། དེ་ནི་མོའི་ཆེད་དུ་མཆོད་མེ་སྒྲོན་ནས་མ་ཤིའི་བར་དུ་ཞབས་བརྟན་དབུལ་རྒྱུ་དེ་ཡིན་ཅིང་ཉིན་གཅིག་གི་ནངས་དགོང་གཉིས་སུ་མ་ཆག་པ་བྱེད་དགོས། དཔེ་སྒྲོམ་སྟེང་གི་འདྲ་པར་དེ་སྲེག་ཟར་ཕུལ་རྗེས་དེའི་ཤུལ་དུ་མཆོད་རྐོང་གསར་པ་དེ་བཞག  དེའི་མདུན་དུ་མཆོད་པ་ཚར་བདུན་བཤམས།

       ཉིན་དེ་ནས་བཟུང་། ངའི་མིག་ལམ་གྱི་ཁ་དོག་མཐའ་དག་མག་མོག་ཏུ་སྣང་ཞིང་ངུར་སྨྲིག་གི་མདོག་ཁོ་ན་ཤིན་ཏུ་གསལ། དེས་ནམ་ཡང་ང་ལ་སེམས་ཀྱི་བདེ་བའི་ཁ་ཕྱོགས་ལ་ལམ་སྟོན་གནང་གྱིན་ཡོད། ངའི་ཕུགས་འདུན་དེ་འགྲུབ་པར་མགོན་སྐྱབས་གནང་གྱིན་ཡོད། ཁ་དོག་དེ་ངའི་འཇིག་རྟེན་གྱི་ཁ་དོག་ཏུ་གྱུར་པས། དུས་དེ་ནས་བཟུང་ང་རང་ཁེར་རྐྱང་མ་ཡིན། ཞོགས་པར་སྔ་མོར་ལངས་ནས་ཞབས་བརྟན་འབུལ་དུས་ང་ལ་སྔར་མེད་ཀྱི་དགའ་བ་དང་སྟོབས་ཤུགས་ཤིག་བསྩལ་འོངས། དེ་ནི་མཁའ་འགྲོ་མའི་བྱིན་རླབས་དངོས་ཡིན་པས་གསོལ་བ་ཕུར་ཚུགས་སུ་བཏབ།

      ཆོ་ག་སྟབས་བདེ་བོ་དེ་ཚར་རྗེས། གཞི་ནས་དཔེ་ཆར་འཇུག་གི་ཡོད།

      ནུབ་ཁའི་མཚམས་སྤྲིན་ངུར་སྨྲིག་དེའང་རིམ་གྱིས་ནག་པོར་གྱུར་ཅིང་ཕྱོགས་བཞིར་བཀྲམས་ཏེ་མཐར་ཆ་ལེ་ཆོལ་ལེར་གྱུར།  རྒྱང་མིག་ཆད་དེ་ཆེས་ཐག་ཉེ་ཤོས་ཀྱི་ཡུལ་ལྗོངས་ལས་ཡོད་ཚད་མག་མོག་དང་རིབ་རིབ་ཏུ་གྱུར།

       ཁང་པའི་ནང་དུ་ལོག་རན་སོང་། ལྷ་སའི་སྐྱིད་ཆུ་ནི་ངའི་དྲན་པ་བཞིན་ཇི་འདྲའི་འཇམ་ཐིང་ཐིང་། ལན་རེར་རླབས་རིས་ངོས་སུ་འོད་འཁྱུག་ཙམ་རེ་འཕྲོ་བ་མཐོང་བ་ལས་ཕྱོགས་གང་དུ་བཞུར་གྱིན་ཡོད་པའང་མི་ཤེས།

       མཆོད་རྐོང་གཅིག་གི་འོད་ལ་ཁེན་པའི་ང་ནི། ལྷ་སའི་སྐྱིད་ཆུ་དང་མཉམ་དུ་སྡོད་ཡུན་ཆེས་རིང་པོའི་མགྲོན་པོ་རྙིང་པ་དེ་ཁོ་ན་ཡིན་སྲིད། ད་ལྟ་ལོ་དྲུག་ཅུའི་མགོར་སླེབས་ཟིན།

        གད་སྙིགས་འགྲམ་ན་འདུར་བའི་ཁྱི་སྨྱོན་འདིའི་ཟུག་སྐད་གཅིག་གིས་ངའི་དྲན་པ་རྨང་ནས་སོས། མཁྲིག་མའི་ཆུ་ཚོད་ལ་བལྟས་པས་ཏག་ཏག་དགུ་པར་སླེབས་ཟིན། ཨ་ཧ་བོ། ང་འདི། མཆོད་རྐོང་གཅིག་ཆག་མེད་དུ་སྒྲོན་པའི་ཚོད་ལའང་མི་འགྲོ། ཧོན་ལོག་འདི། གཟའ་བྱུང་བ་ཡིན་ནམ། དེ་ལྟར་འཁང་ར་བྱེད་ཞོར་རང་གི་བརླ་ཐོག་ཏུ་ཁུ་ཚུར་གཅིག་གཞུས་པས་ངའི་རྐང་པ་ཡང་རེངས་འདུག་པ་གཞི་ནས་ཚོར། ང་ནི་དེ་ལྟར་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིར་ལོག་པའི་ལམ་དུ་ཞུགས། ངས་ཐ་ན་རང་གི་གོམ་པ་རེ་རེ་བཞིན་འདྲུད་མ་འཐེན་གྱིས་ལེན་པའི་སྒྲ་ཡང་ཐོས་ཐུབ། རྒྱུས་ཆེ་བའི་ཁོར་ཡུག་འདི་ཅི་འདྲའི་ནག་སྟོང་སྟོང་།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།