གྲིབ་མ་ནག་པོ།

རྩོམ་པ་པོ།   དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ང་ཉི་འོད་དང་འགྲོགས་པའི་སྐྱ་རེངས་དེ་ཡིན

ང་དཀར་ནག་དང་བསྡེབས་པའི་གཤོག་འགྱུར་དེ་ཡིན

ངའི་མིག་ཟུང་ལ་ཉི་ཟླའི་རླབས་རིས་ཆགས་ཡོད

ངའི་སེམས་ཁམས་ལ་འོ་མའི་ཆབ་རྒྱུན་འཁོར་ཡོད

 

ལོ་ཟླ་ནི་གདུག་རྩུབ་ཀྱི་རྔོན་པ་དེ་ཡིན་ལ

ཉེ་འགྲམ་ནི་གྲིབ་མ་ནག་པོ་དང་རླུང་བུ་རྩུབ་མོ་རེད

གྲིབ་མ་དག་གིས   ང་ལ་མུན་པའི་ལྭ་བ་བསྐོན་ཡོད

ཡིན་ཡང     ང་ནི་ལྭ་བ་ནག་པོའི་འོག་གི་གཟུགས་བརྙན་དཀར་པོ་དེ་ཡིན

ལོ་ཟླས་བསུབ་མི་ཐུབ་པའི་གཟུགས་བརྙན་དཀར་པོ་དེ་ཡིན

དུས་ཀྱིས་འཇིག་མི་སྲིད་པའི་གཟུགས་བརྙན་དཀར་པོ་དེ་ཡིན

 

ནག་ཡོར་ཡོར་གྱི་གྲིབ་མ་ནག་པོ་དག

ས་སྲོད་བཞིན་ཕྱོགས་བཞི་ནས་འཇབ་ཡོང་དུས

ངས་རང་ལ་གཉེན་ཉེ་མེད་པ་ཤེས་སོང  དཔུང་རོགས་ཉུང་བ་ཤེས་སོང  

 

ནུབ་ཁའི་རི་རྩེ་ན་འཛུམ་པའི་ངའི་གསེར་མདོག་གི་ཉི་མ་འང

བདག་གི་རྒྱལ་ཁམས་འོད་ཀྱིས་སྟོང་ཡོད

རི་བོའི་ཉིན་སྲུབས་དང་ཆུ་བོའི་ཕར་ཚུར་ན

ང་ཚོར་དམ་བཅའ་ག་ཙམ་ལུས་ཡོད

གསང་བ་ག་རེ་སྐུང་ཡོད

 

གྲིབ་མ་ནག་པོ   ངའི་ཕྱི་རུ་ཁྱོད་ཀྱིས་མུན་པའི་ཚོན་རྩི་བྱུགས་ཀྱང

ངའི་དམར་པོ་ཁྲག་གི་རྒྱུ་སྟངས་རེ་རེ་ན

གྲིབ་མས་ནོག་མི་ཐུབ་པའི་སྲོག་གི་མེ་དཔུང་འབར་གྱིན་ཡོད

གྲིབ་མ་དང་གྲིབ་མས་ཟས་ཚར་བའི་མི་དག

ནམ་ཞིག  ངའི་རྨི་ལམ་གྱི་མདུད་པ་དེ་གྲོལ་ཚེ

ཁྱོད་ཅག་ནི་ཆེས་མཐའ་མཇུག་གི་མཇུག་མ་དྲུད་པའི་བོད་པ་དེའོ


༢༠༡༥ལོའི་ཟླ༢པའི་ཚེས་༡༢མཚན་མོར་ཁམས་ལི་ཐང་ནས། 


 


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།