ཚེ་འཛུམ་མེ་ཏོག་མ།

རྩོམ་པ་པོ།    བཀྲ་ཤིས་ཚེ་རིང་།དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དཔྱིད་དཔལ་ལྷ་མོའི་པང་ནས་མྱུ་གུ་འབུས།།

དབྱར་གཞུང་སྒེག་མོའི་རུམ་ནས་ལང་ཚོ་རྒྱས།།

སྟོན་མཇུག་བསིལ་རླུང་ཕང་བར་འདབ་ལོ་གཏོར།།

དགུན་གྱི་རྒྱལ་མོའི་སེམས་ཀྱི་གངས་ལྷ་མ།།

 

འདབ་བརྒྱད་ལྷུག་སེར་གྲོལ་ནས་འཛུམ་ཞིག་བསྟན།།

དྲི་ངད་ཕྱོགས་བཞིར་གཏོར་ནས་བརྡ་ཞིག་བསྟན།།

མགོ་ལྕོག་ཀྲོག་ཀེར་ལྡེམ་ནས་ལན་ཞིག་གནང་།།

ཨུ་དུམ་ཝ་རའི་གཟུགས་འདྲར་ཆགས་པ་མིན།།

 

ཁ་ཚིག་འོ་དྲི་སྣ་ལ་འཐུལ་འཐུལ་ནས།།

དུང་བའི་འོ་ཞོ་ཡིད་ལ་ལྟེམ་ལྟེམ་ཆགས།།

བརྩེ་བའི་མར་ལོ་སེམས་སུ་བསྲུབས་བསྲུབས་ནས།།

རེ་བའི་སྣོད་ལ་ཆབ་སྐྱ་འཁྱིལ་འཁྱིལ་ཞིག།

 

ཁྱོད་ཞལ་མེ་ཏོག་འདབ་ལོ་རྒྱས་དགོས་ཤིག།

ཁ་ཚིག་ཟེའུ་འབྲུ་ལས་ཀྱང་ཞིམ་དགོས་ཤིག།

མ་ཟད་བདག་ཡིད་ཚལ་དུ་འཛུམ་དགོས་ཤིག།

མི་ཚེའི་མཐོ་ས་ཞིག་ནས་བཞད་དགོས་ཤིག།

 

བརྩེ་བ་ཆུ་མོའི་ཀླུང་དེ་ཟབ་དགོས་ཤིག།

སྔོན་མོ་ལྷ་ལམ་དབྱིངས་ལས་ཡངས་དགོས་ཤིག།

མ་ཟད་བདག་ཡིད་འཛིན་མར་འབབ་དགོས་ཤིག།

ཅིས་ཀྱང་མི་ཚེ་གང་བོར་བཞུར་དགོས་ཤིག།

 

ཚེ་གཅིག་ཚེ་ཡི་ཁྲོད་ཀྱི་འཛུམ་ཆེན་མ།།

དུང་བ་བསྲེག་བཅད་བརྡར་བའི་གསེར་ལོ་མ།།

བརྩེ་བ་འོ་མའི་ནང་གི་མར་ལོ་མ།།

དམར་ཆུང་སྙིང་ལོའི་གསེབ་ཀི་མེ་ཏོག་མ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།