སེམས་གཅོང་།

རྩོམ་པ་པོ།   ལྭ་ཧྥེས་བརྩམས། འབྲིང་བ་སྐམ་པོས་བསྒྱུར།དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཨ་ཕ་ཨན་ཏུང་ཉི་ཨའོ་ཡིས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཐོག་མར་མཐོང་དུས།  བསྙལ་སྒམ་དུ་ཉལ་འདུག་ཅིང་སྐྱེས་ནས་ཉིན་གཉིས་ཡིན།   ཨན་ཏུང་ཉི་ཨའོ་ཧ་ལས་ཤིང་ཧང་སངས་པའི་ངང་ནས། “བུ་ཕྲུག་ཁོང་ཁྲོ་ལངས་པར་མ་ཟད་གདོང་ཡང་སྙེར་བ་མ་ཡིན་ནམ། དཔུང་བ་འབར་ཞུན་གྱི་རྐང་ལྟར་ཕྲ་ཞིང་རྐང་བ་ངའི་མཛུབ་མོ་ལས་ཀྱང་ཕྲ་ཞེས་བཤད། 

       འདི་ནི་ཁོང་གི་འདོད་ཐོག་ལ་རྟ་རྒྱུག་པ་ཡིན་ནམ།  བུ་ཕྲུག་ནི་ཁོང་གི་རྒྱུད་འཛིན་པ་ཡིན་ལ་ཏཱ་ལཱའི་ཁྱིམ་རྒྱུད་ཀྱི་ཀུང་སིའི་རྒྱུད་འཛིན་པའང་ཡིན།   ཚང་མས་དུས་ཡུན་རིང་བོར་རེ་སྒུག་བྱེད་པའི་མཇུག་འབྲས་འདི་ཡིན་ནམ།  

       ཆུང་མ་ལུའོ་སཱ་ལིན་ཏཱ་ཡིས།    “ཁྱོད་ཀྱིས་ཁོ་ལ་བྱིལ་བྱིལ་ཙམ་བྱོས།”   ཞེས་བཤད།

       ཨན་ཏུང་ཉི་ཨའོ་ཡིས་རང་གི་ལག་ཟུང་ལ་ལྟ་དུས།  ལག་པ་རྩུབ་ཅིང་སེར་ཁ་གས་པ།  སེར་ཁ་གས་པའི་བར་མཚམས་སུ་ས་རྡུལ་གྱིས་གང་བ་དང་།   ཉི་མས་བསྐམས་པ་བཅས་ནི་སེང་རས་རྩུབ་མོས་གཡོགས་པ་དང་མཚུངས་པས།   བུ་ཕྲུག་ལ་བྱིལ་བྱིལ་མ་བྱས་པར་མགོ་བོ་ཕྱི་ལ་བསྲིངས་ནས་བུད་སོང་། 

       བུ་ཕྲུག་མཱ་ཙེ་ལུའོ་ལ་ལྷན་སྐྱེས་ཀྱི་སྙིང་སྐྱིའི་གཉན་ཚད་ནད་ཡོད་ཅིང་།  ནར་སོན་རྗེས་སྙིང་བརྗེ་ཐུབ་ན་གཟོད་ཚེ་བསྲིང་ཐུབ་པར་བཤད།    སྨན་པས།   “ནར་སོན་རབས་བར་དུ་ཚེ་བསྲིང་ཐུབ་པའི་ཆ་རྐྱེན་གཅིག་ནི།  ཁྱེད་གཉིས་ཀྱིས་དུས་ཚོད་སྐར་ཆ་གཅིག་ཡིན་ཡང་བུ་ཕྲུག་དང་མི་འབྲལ་བར་བདག་སྐྱོང་ཡག་པོར་བྱ་དགོས།”       ཞེས་བཤད།  

      ཨན་ཏུང་ཉི་ཨའོ་•ཏཱ་ལཱ་ནི་ཞུམ་མེད་ཀྱི་སྙིང་སྟོབས་མངའ་བའི་ཕོ་རྒོད་ཅིག་ཡིན་ཅིང་།  ལག་ཟུང་གི་ཤུགས་ཁོ་ནར་བརྟེན་ནས་རྩུབ་རགས་ཀྱི་རྣོ་ལྕགས་ངར་མོ་གཅོད་ཐུབ་པར་བཤད།   ཁོས་བསམ་ཤེས་པ་ནས་བཟུང་ཀ་བ་གདུང་ལྕམ་གྱིས་གྲུབ་པའི་ཁང་བ་ཕུབ་ཅིང་།   མི་རབས་ཁ་ཤས་ལ་གཡོ་འགུལ་མེད་པར་གནས་ཐུབ།  ཕ་མེས་ཡང་མེས་ནས་བརྒྱུད་པའི་ལག་རྩལ་ཨ་ཕས་བུམ་པ་གང་བྱོའི་ཚུལ་དུ་ཁོ་ལ་བསླབས།  དེ་ལྟར་ལག་རྩལ་ནི་མི་རབས་ནས་མི་རབས་བར་རྡོ་ལག་རྒྱུད་ཀྱི་ཚུལ་གྱིས་སྤེལ་བས། “ཏཱ་ལཱའི་ཁྱིམ་རྒྱུད་ནི་རྟག་བརྟན་འགྱུར་མེད་ཀྱི་མཚོན་རྟགས་ཤིག་ཀྱང་ཡིན།  ཡིན་ནའང་།  མིའི་བསམ་ས་རྟས་མི་སྤོ་ཟེར་བའི་དཔེ་ལྟར།    ད་ལྟ།   ཁྱིམ་རྒྱུད་ཀྱི་ལས་དབང་སྐྱེ་མ་རན་པའི་བྱིས་པ་ཞིག་གི་ལག་ནས་ཉམས་རྒུད་དུ་གྱུར།   ཨན་ཏུང་ཉི་ཨའོ་ཡི་སེམས་སུ།   བདག་གིས་ལུས་སྟོབས་མ་ཉམས་བར་དུ་ཁང་བ་ཕུབ་དགོས་སྙམ་པའི་གཡར་དམ་སེམས་སུ་བཅངས།   དཀོན་མཆོག་གིས་བདག་ལ་ཅིའི་ཕྱིར་འདི་འདྲའི་བྱིས་པ་ཞིག་བགོ་སྐལ་དུ་བསྩལ་བ་ཡིན་ནམ་སྙམ་ནས་སེམས་སྡུག་ཚད་མེད་སྐྱེས། དེ་ནས་བཟུང་ཨན་ཏུང་ཉི་ཨའོ་ཡིས་རང་ཉིད་ལ་རྒྱུད་འཛིན་པ་མེད་པ་ངོས་འཛིན་ཟབ་མོར་ཐོབ་བོ། །