གོམས་སྟབས་ཡངས་པོས་འབྱོར་འབྲིང་ལམ་དུ་བསྐྱོད།

རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོའི་རྩི་མདའ་སྡེ་བའི་དབུལ་སྒྲོལ་གྱི་ཟུར་བཀོད།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         2017ལོར་རྒྱ་སྟོད་ཡུལ་ཚོའི་རྩི་མདའ་སྡེ་བའི་ཁྱིམ་ཚང35དང་། སྡེ་མི145དབུལ་ཕོངས་ལས་ཡོངས་སུ་བསྒྲལ་ཐུབ་པ་བྱུང་ཡོད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དབུལ་སྒྲོལ་གནད་འཁེལ་གྱི་འགོ་ཁྲིད་ཚོ་ཆུང་གི་དབུལ་སྒྲོལ་གྱི་འཆར་འགོད་ལྟར་དབུལ་ཕོངས་ལས་ཡོངས་སུ་བསྒྲལ་ཟིན་ཏོ།

         རྩི་མདའ་སྡེ་བ་ནི་རྔ་བ་རྫོང་རྒྱ་སྟོད་ཡུལ་ཚོའི་མངའ་ཁོངས་ཀྱི་སྲིད་འཛིན་སྡེ་བ་བཞི་ཡི་གྲས་ཀྱི་ཡིན་ལ། རོང་མ་འབྲོག་གི་སྡེ་བ་རྣལ་མ་ཞིག་ཡིན། ཡུལ་ཚོའི་ཡུལ་དཔོན་གཞོན་པ་ཧུའུ་ཀོང་ཧའེ་ཡིས་བཤད་ན། སྔོན་ཆད་སྡེ་བ་འདི་ཧ་ཅང་རྫོབ་པོ་ཡིན་པ་མ་ཟད། སྡེ་མི་ཀུན་ལ་ཁོར་ཡུག་གཙང་སྦྲའི་ཐད་ཀྱི་འདུ་ཤེས་ཤིན་ཏུ་ཞན་ཞེས་བཤད། སྡེ་བའི་རྣམ་པ་ཇེ་ལེགས་སུ་བསྒྱུར་རྒྱུ་ནི་སྐྱུར་ཐབས་མེད་པའི་དོན་དག་ཅིག་དང་། དབུལ་སྒྲོལ་གནད་འཁེལ་གྱི་ལས་དོན་གལ་ཆེན་ཞིག་གོ།

        ཉེ་བའི་ལོ་ཤས་རིང་ནས་བཟུང་རྩི་མདའ་སྡེ་བས་དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་དང་མ་དངུལ་མང་དུ་བཏང་ནས་ལྗང་སྒྱུར་མཛེས་བཟོའི་ལས་གཞི་མཉམ་པོར་སྤེལ་ཡོད། ང་ཚོས་གད་བརྡར་བ་དང་སྡེ་བའི་ལས་དོན་ལག་རོགས་སུ་དབུལ་ཕོངས་བ12སྙན་ཞུ་བྱས་ཤིང་། སྤྱི་ཕན་ལས་གནས་ཀྱིས་དབུལ་ཕོངས་བའི་ཡོང་འབབ་འཕར་བར་ཕན་པ་བསམ་གྱིས་མི་ཁྱབ་ཅེས་ཧུའུ་ཀོང་ཧའེ་ཡིས་བཤད།

       རྩི་མདའ་སྡེ་བར་འགྲོ་སྐབས་གཙང་ཞིང་གྲལ་དག་པའི་ཁོར་ཡུག་གིས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། དབུལ་ཕོངས་རྒན་པོ་ཐོས་གོ་ཚང་དུ་ཐོན་པ་ན། རྒན་པོས་ང་ཚོར་ཁ་བཏགས་དཀར་པོ་ཕུལ་ནས་བསུ་མ་བྱས་བྱུང་། ཚབ་མཚོན་རང་བཞིན་གྱི་བོད་ཁུལ་སྡོད་ཁང་གསར་བའི་ཤིང་གི་བཟོ་བཀོད་དེ་ཁོང་ཚང་ནས་གསལ་བོར་མཐོང་ཐུབ་ལ། ཁྱིམ་ཆས་གསར་བ་འདི་དག་ནི་ཁང་བ་གསར་བར་ཆེད་དུ་བསྒྲིགས་པཤེས་ཐུབ།

       མི་ལོ70རིང་ལ་ཁང་བ་འདི་འདྲའི་བཟང་པོ་ཞིག་ཏུ་བསྡད་པ་ཐོག་དང་པོ་ཡིན། སྡོད་ཁང་གསར་དུ་བསྐྲུན་པར་ང་ཚོས་སྒོར་མོ་མང་པོ་བཏང་མེད་ལ། རང་གིས་སྒོར་མོ་བཏང་ནས་ཁྱིམ་ཆས་གསར་བ་བསྒྲིགས་པ་ཡིན་ཞེས་བཤད། རྒན་པོའི་སྐད་ཆ་དེས་གསར་འགོད་པར་ཡིད་འགུལ་ཚད་མེད་ཐེབས། ད་ལྟ་རྩི་མདའ་སྡེ་བའི་སྡོད་ཁང་གི་རྣམ་པ་སྣ་ཚོགས་ཤིང་ལྟ་བའི་ཆོག་མི་ཤེས་ལ། མཛེས་སྡུག་གི་རི་མོའི་བརྩམས་ཆོས་ཤིག་རྔ་བའི་ས་ཆེན་དུ་བཀྲམ་པ་དང་གཉིས་སུ་མེད།

       སྡེ་བའི་ཕྱིའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཞོར་དུ་སྡེ་བས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་མཐོ་རུ་གཏང་བ་གཙིགས་སུ་བཟུང་ཡོད། གསར་འགོད་པས་ཐོས་གོ་ཚང་ནས་སྐར་མ་རིམ་པའི་ཁྱིམ་ཚང་དཔྱད་སྡུར་སྤྱི་བསྒྲགས་བྱང་བུ་མཐོང་ཞིང་། ཧུའུ་ཀོང་ཧའེ་ཡིས་གསར་འགོད་པར་བཤད་རྒྱུར། ཁྱིམ་ཚང་གིས་ཕྱོགས་གང་གི་ཐད་ནས་མ་ཡོང་ཚེ་སྐར་མ་འདི་དག་བླངས་ཆོག་པས། ད་ལྟ་སྡེ་མི་ཀུན་གྱིས་སྐར་མ་འདི་དག་ལ་དོ་ཁུར་ཚད་མེད་བྱེད་ཀྱིན་ཡོད་ཅེས་བཤད། སྐར་ལྔའི་དཔལ་ཡོན་ཁྱིམ་ཚང་དང་། ལྔ་བཟང་ཁྱིམ་ཚང་། སྤྱོད་བཟང་མི་དཔེ་སོགས་ཀྱི་དཔྱད་སྡུར་བྱེད་སྒོ་མང་པོར་སྐུལ་འདེད་བཏང་བས། རོང་འབྲོག་མང་ཚོགས་ཀྱི་རིག་གནས་བྱང་ཚད་དང་དཔལ་ཡོན་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

      སྡེ་བ་དབུལ་ཕོངས་ལས་སྒྲོལ་དགོས་ན་སྡེ་བའི་ཕྱིའི་ཁོར་ཡུག་གཅིག་པུས་མི་ཆོག་པར། ཐོན་ལས་གོང་འཕེལ་ནི་རྩ་བའི་རྩ་བར་འཛིན་དགོས། བཅར་འདྲིའི་སྐབས་སུ་གསར་འགོད་པས་རྩྭ་ཐང་དུ་བོང་བུ་མང་པོ་མཐོང་ཞིང་། འདི་ནི་ན་ནིང་བཙུགས་པའི་རྩི་མདའ་སྡེ་བའི་རྔ་བའི་བོང་བུ་གསོ་སྤེལ་མཉམ་ལས་ཁང་གི་ཡིན་ལ། འདི་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་ཡིན།

       ད་ལྟ་མཉམ་ལས་ཁང་དུ་ཁྱོན་བོང་བུ80གསོས་ཡོད་ལ། དེར་བོང་བུ70དང་བོང་མ10ཡོད། མཉམ་ལས་ཁང་གི་ཡོང་སྒོ་དབུལ་ཕོངས་ཁྱིམ་ཚང་ལ་བརྒྱ་ཆ70དང་དབུལ་ཕོངས་མ་ཡིན་པའི་ཁྱིམ་ཚང་ལ་བརྒྱ་ཆ30ལྟར་བགོ་རྒྱུ་ཡིན་འདུག 2020ལོར་བགོ་ཚད་བརྒྱ་ཆ40དང60ལྟར་བགོ་འཆར་རེད། ཧུའུ་ཀོང་ཧའེ་ཡིས་བཤད་རྒྱུར། འདི་ལྟར་བགོས་ཚེ་དྲང་མོ་ཡིན་པ་མ་ཟད་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྒྲོལ་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད་ཅེས་བཤད།

       སྡེ་བའི་ཐུན་མོང་དཔལ་འབྱོར་དུ་ཅིའི་ཕྱིར་བོང་བུ་གསོ་སྤེལ་བདམས་པ་ཡིན་ཞེས་དྲིས་ཚེས། བོང་བུ་མ་གསོས་གོང་ལ་ང་ཚོས་ཁྲོམ་རར་རྟོག་ཞིབ་ནན་མོ་བགྱིས་ཤིང་། རྟོག་ཞིབ་ལས་མཐོང་བར་བོང་བུའི་མདུན་ལམ་ཡངས་བོར་མཐོང་བ་དང་། གསོ་ཡུན་རིང་ཡང་དཔལ་འབྱོར་ཕན་འབྲས་ཤིན་ཏུ་བཟང་བས་ཡིན་ཞེས་ཧུའུ་ཀོང་ཧའེ་ཡིས་བཤད།

       བོང་བུ་གསོ་སྤེལ་རྟེན་གཞི་རུ་སྡེ་བའི་དབུལ་ཕོངས་བ་ཆོས་སྐྱབས་ཀྱིས་དྲོད་ཁང་གད་བརྡར་བྱེད་ཀྱིན་འདུག ཆོས་སྐྱབས་ནི་འོན་པ་ཞིག་ཡིན་པས་ཆུང་དུས་བཟུང་གཞན་པར་རྫི་གླ་ཁོ་ན་བྱས་པ་ཡིན་ལ། བརྟན་འཇགས་ཀྱི་ཡོང་སྒོ་མེད་ལ་གཏན་འཇགས་ཀྱི་སྡོད་གནས་ཤིག་ཀྱང་མེད། 2016ལོར་ཆོས་སྐྱབས་ཀྱི་གནས་སྤོའི་སྡོད་ཁང་བསྐྲུན་ཟིན་པ་དང་། ཆེ་ཆུང་ལ་སྨི་གྲུ་བཞི་མ25ཙམ་ལས་མེད་ནའང་ཆོས་སྐྱབས་དགའ་ཞིང་མགུ་ནས་ཡོད། ན་ནིང་མཉམ་ལས་ཁང་བསྐྲུན་པ་ནས་བཟུང་ཆོས་སྐྱབས་བོང་བུ་གསོ་མཁན་ཞིག་ཏུ་གྱུར་བས། ལོ་གཅིག་ལ་སྒོར10000ཡི་ཡོང་སྒོ་ནི་ཆོས་སྐྱབས་ཀྱི་ཡིད་ལའང་ཤར་མྱོང་མེད། སྔོན་ཆད་ཀྱི་འཚོ་བ་ཧ་ཅང་ཐབས་རྡུགས་ཡིན་ལ། ད་ལྟ་སྡོད་ཁང་ཡོད་པ་མ་ཟད་ལས་ཀའང་ཡོད། བཟའ་ཚང་བསྒྲིགས་ཏེ་འཚོ་བ་བདེ་ཞིང་སྐྱིད་ཅེས་ཆོས་སྐྱབས་ལ་སྤོབས་པ་རྒྱས་འདུག

       ཆོས་སྐྱབས་ཀྱི་འཚོ་བའི་འགྱུར་ལྡོག་ནི་རྩི་མདའ་སྡེ་བའི་དབུལ་སྒྲོལ་ལམ་གྱི་བསྡུས་གཟུགས་ཙམ་ཡིན་ལ། ཧུའུ་ཀོང་ཧའེ་ཡིས་བཤད་རྒྱུར། སྔོན་ཆད་ཚང་མས་ཁྱིམ་ཚང་བཟང་ངན་བསྡུར་ལ། ད་ལྟ་ཀུན་གྱིས་གླེང་བཞིན་པ་ནི་དབུལ་སྒྲོལ་དང་ཡོང་འཕར། དཔལ་ཡོན་ཁོར་ཡུག་སོགས་ཡིན་ཟེར། ད་ལྟ་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རིམ་བཞིན་ཡོ་ལང་རྒྱས་ཤིང་། རྩི་མདའ་སྡེ་བ་འདི་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ལམ་ཆེན་དུ་བསྐྱོད་ཀྱིན་ནོ།།     

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།