ལོ་སར་སྐབས་སུ་རྔ་བ་ཁུལ་དུ་མེ་སྐྱོན་གཅིག་ཀྱང་བྱུང་མི་འདུག

རྩོམ་པ་པོ།   དུས་ཚོད།   2018-03-06རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར་གསར་འགོད་པས་ཁུལ་ནགས་ལས་ཅུས་ནས་རྒྱུས་ལོན་པ་ལྟར་ན། ལོ་སར་སྐབས་སུ་ཤོག་སྦག་བཀད་པ་སོགས་ཀྱི་བྱེད་སྒོ་ཇེ་མང་དུ་སོང་བས། མེ་ལ་ཚོད་འཛིན་དཀའ་ཞིང་ནགས་ཚལ་མེ་སྐྱོན་ལ་ཉེན་ཁ་ཤིན་ཏུ་ཆེ་བའི་གནས་ཚུལ་ལ་གཞིགས་ཏེ། རང་ཁུལ་གྱིས་སྔོན་འགོག་གཙོར་བྱས་ཤིང་མྱུར་དུ་གསོད་པའི་ལས་ཀའི་ཁ་ཕྱོགས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། ལོ་སར་སྐབས་སུ་མེ་སྐྱོན་གཅིག་ཀྱང་བྱུང་མི་འདུག

         ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་དང་། ཁུལ་ནགས་ལས་ཅུས་ཀྱིས་ཐེངས་དུ་མར་ཆེད་དོན་ཚོགས་འདུ་བསྡུས་ཤིང་ལས་ཀར་ཞིབ་འཇུག་བྱས་ཏེ། ཐབས་ལམ་གཏན་འཁེལ་དང་ལས་ཀའི་གོ་རིམ་གསལ་ཐག་ཆོད་པ་བཅས་ལས་དོན་སོ་སོ་བདེ་ལེགས་ཡོང་བར་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སོ་སོ་དང་། སྡེ་ཁག་སོ་སོས་དྲིལ་སྒྲོག་བྱེད་སྒོ་ཐེངས128སྤེལ་ཞིང་། དྲིལ་སྒྲོག་རླངས་འཁོར360བཏང་། དྲིལ་སྒྲོག་པ256མངགས་ཏེ་སྤྱི་ཚོགས་སུ་དྲིལ་སྒྲོག་ཡིག་ཆ་ཁྲི1.9ལྷག་བཀྲམ་པ་དང་། འཕྲིན་ཐུང་ཁྲི1.3བཏང་འདུག

       ན་ནིང་གི་ཟླ12པ་ནས་ད་ལོའི་ཟླ2པའི་མཇུག་བར་དུ་ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་ཁོངས་ཞུགས་སྡེ་ཁག་དང་། ཁུལ་ནགས་ལས་ཅུས་ཀྱི་རྟོག་ཞིབ་ཚོ་ཆུང་གིས་ཐེངས་དུ་མར་ནགས་ཚལ་མེ་འགོག་རྟོག་ཞིབ་བགྱིས་ཤིང་། རྟོག་ཞིབ་ཚོ་ཆུང་གིས་མངོན་ལྐོག་གཉིས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་སོ་སོ་དང་། སྡེ་ཁག་སོ་སོ། ལྗོངས་ཁུལ་སོ་སོ་བཅས་ཀྱི་ལས་རེས་དང་། མེ་འགོག་ཆེད་དོན་རུ་ཁག་གི་ཆུ་ཚོད་ཉེར་བཞིའི་རིང་གི་གྲ་སྒྲིག ནགས་སྲུང་བ་དང་མེ་འགོག་དྲིལ་སྒྲོག ལག་ཆ་དང་ཞིག་གསོ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། དེ་སྔོན་རྙེད་པའི་གནད་དོན་བཅོས་སྒྲིག་གི་གནས་ཚུལ་ལ་ཕྱིར་བལྟ་བྱས་ཏེ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བདེ་ལེགས་ངང་བཅོས་ཐུབ་ཡོད།