ང་ཚོས་བདེ་འཇགས་ཡོད་པའི་སྒོ་ནས་ལོ་གསར་ལ་རོལ་དགོས།

རྩོམ་པ་པོ།   གཟི་མིག་ལྔ་བ།དུས་ཚོད།   2018-02-14རྩོམ་ཁུངས།    གླིང་སྲས་བོད་ཡིག་འཕྲིན་སྟེགས།

         ལོ་གསར་དུས་སྟོན་ནི་བོད་རིགས་རང་ལ་མཚོན་ནའང་དགའ་སྟོན་གྱི་དུས་ཆེན་ཕུན་སུམ་ཚོགས་པ་ཞིག་དང་། བོད་མདོ་དབུས་ཁམས་གསུམ་གྱིས་ཁྱད་མེད་དུ་རོལ་བའི་ལོ་གསར་བ་དགའ་སྤྲོའི་ངང་བསུ་བའི་དུས་ཆེན་ཞིག་ཡིན། དུས་ཆེན་དེ་ནི་རོལ་དགོས་ལ་རོལ་ཡང་ཆོག དེ་ལ་ནམ་ཡང་བསམ་བློ་དཀར་ནག་གི་རྩིབ་བརྡར་མེད། འོན་ཀྱང་ལོ་གསར་བ་རོལ་དུས་གོ་རིམ་དང་མགོ་མཇུག་མེད་པར་རོལ་ན་དེ་ནི་ཅུང་དགོས་མེད་དུ་སྣང་། འབྲོག་ཁུལ་དང་ས་གནས་མང་ཚོགས་མང་བོས་རང་གི་བདེ་སྐྱིད་དང་འཕྲོད་བསྟེན་ལ་བསམ་བློ་མི་བཏང་བར་རྫས་འགྱུར་གྱིས་ལྷད་པའི་བཏུང་ཆུ་རིགས་དང་མིའི་བདེ་ཐང་ལ་གནོད་པའི་ཞོར་ཟས་རིགས་མང་བོ་ཉོ་སྒྲུབ་བྱེད་ཀྱིན་ཡོད། དེ་ནི་ཁྱོད་རང་ཉིད་ཀྱི་བདེ་ཐང་ལ་རང་གིས་འགན་མ་ཁུར་ཡང་ཁྱོད་ཀྱི་བཟའ་ཚང་དང་བྱིས་པ་དག་གི་བདེ་ཐང་ལ་ནམ་ཡང་གནོད་པ་སྐྱེལ་མི་རུང་། དེ་བས་ང་ཚོས་འགན་ཁུར་ཡོད་པའི་སྒོ་ནས་ལོ་གསར་ལ་རོལ་དགོས།        

          རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་བསྟུན་ཏེ་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཅུང་ཡར་རྒྱས་འགྲོ་བའི་སྒང་འདིར། ཡོད་ཚད་ཀྱིས་བདེ་འཇགས་ལ་འགན་མི་ཁུར་བར་དཔལ་འབྱོར་ཁོ་ན་ལ་དམིགས་ཏེ་ཟས་རིགས་རྫུན་མ་དང་ཉར་ཡུན་གྱི་དུས་ཚོད་བརྒལ་བའི་བཟའ་བཏུང་གི་རིགས་མང་བོ་རྡེབ་ཉོ་བྱས་ཏེ། ལོ་གསར་ལ་རོལ་བའི་ཆེད་དུ་རྒྱ་བོད་ཚོང་བ་མང་བོོས་བཟའ་བཏུང་མང་བོ་བོད་ཡུལ་དུ་རླངས་འཁོར་མང་བོ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། འཛད་སྤྱོད་པ་དག་གིས་དེ་དག་ཉོ་དུས་ངེས་པར་དུ་ཚོང་ཟོང་དེ་ཚོང་ཁང་ཚད་ལྡན་ནས་བླངས་ཡོད་མེད་དང་ཉར་ཡུན་གྱི་དུས་ཚོད་བརྒལ་ཡོད་མེད་ལ་ནན་ཏན་གྱིས་བལྟས་རྗེས་ད་གཟོད་ཉོ་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁྱོད་ཀྱིས་རང་གི་དཔལ་འབྱོར་ལ་རང་གིས་འགན་ཁུར་ནས་ཚད་ཡོད་པ་དང་ཚུལ་མཐུན་པ་མང་ཉུང་རན་པའི་སྒོ་ནས་ལོ་གསར་ལ་རོལ་དགོས།     

         མ་གཞི་ང་ཚོའི་ལོ་རྒྱུས་སྟེང་གི་བོད་མི་རིགས་ཟེར་དུས་དཔའ་མཛངས་གཉིས་ལྡན། ཤེས་རིག་འོད་སྟོང་ཅན་གྱི་མི་རིགས་སྙིང་སྟོབས་དང་ལྡན་པ། བསམ་བློ་ཕུན་སུམ་ཚོགས་པའི་མི་རིགས་དམིགས་བསལ་བ་ཞིག་ཡིན་ཡང་། ད་སྐབས་ཧ་ཅང་གཡོ་འོག་ཏུ་ཚུད་སླ་བའི་མི་རིགས་ཉམ་ཆུང་ཞིག་དང་རང་རྐྱ་མི་ཐུབ་པའི་མི་རིགས་ཉམ་ཆུང་ཞིག་ཏུ་གྱུར་འདུག དེ་བས་ང་ཚོ་ནམ་ཡང་བདེ་འཇགས་ལ་མི་སེམས་ཞིང་དཔལ་འབྱོར་གྱི་ཆེད་དུ་ཚོང་རྒྱག་མཁན་ཚོའི་གཡོ་འོག་ཏུ་ཚུད་མི་རུང་།  དཔལ་འབྱོར་ཁོ་ན་བསམ་མཁན་གྱི་ཚོང་བ་དེ་ལ་ལས་རྒྱུ་འབྲས་དང་བདེ་འཇགས་ཀྱི་འགན་ཁུར་ཡོད་མི་སྲིད། དེ་བས་ཚོང་ཟོང་དེ་དག་ལེན་དུས་རིན་གོང་བདེ་བ་ཁོ་ན་ལ་དམིགས་ནས་བླངས་ཡོད་སྲིད། རིན་གོང་བདེ་བ་དེ་ནི་བཟང་ཆ་ཞིག་མིན། ཡང་མིན་ན་ཅ་ལག་རྫུན་མ་ཡིན། ཡང་མིན་ན་ཉར་ཡུན་གྱི་དུས་དུས་ཚོད་བརྒལ་བའམ་བརྒལ་ལ་ཉེ་བའི་ཚོང་རྫས་ཡིན་སྲིད། གལ་སྲིད་ཟས་རིགས་དེ་དག་གིས་འཛད་སྤྱོད་པ་ལ་ནད་གཞི་ཞིག་འབྱུང་ཚེ། ད་གཟོད་ཁྱོད་ཀྱིས་གནས་སྐབས་ཀྱི་ཁེ་ཕན་ཕྲན་བུ་དེ་ལ་བསམ་ནས་མཐར་ཐུག་གི་བདེ་སྐྱིད་ངོ་མ་དེ་བརླགས་ཡོད་པ་རྟོགས་སྲིད། དེ་བས་རབ་ཡིན་ན་ས་གནས་སོ་སོའི་ཡུལ་གྱི་ཚོང་ཁང་ཚད་ལྡན་དང་ཅ་ལག་རྫུན་མ་མེད་སའི་གནས་དང་ཅུང་ཅ་དག་ཡིན་པའི་རིགས་དེ་ཉོས་ནས་འཕྲོད་བསྟེན་ཡོད་པའི་སྒོ་ནས་ལོ་གསར་ལ་རོལ་དགོས། ད་ནི་ལོ་གསར་དུས་ཆེན་ལ་མྱུར་དུ་བསླེབ་ལ་ཉེ་བས། ཐག་རིང་ཐུང་གི་མི་མང་བོ་རང་གི་ཡུལ་ཚོ་དང་རྫོང་མཁར་སོགས་སུ་འགྲོ་འདུག་ཧ་ཅང་མང་བའི་སྐབས་རེད། ད་སྐབས་ཆ་རྐྱེན་ཅུང་བཟང་བས་ཡོད་ཚད་ཀྱིས་འཕྲུལ་རྟ་དང་རླངས་འཁོར་བསྐོར་ནས་འགྲོ་བཞིན་ཡོད། དེ་བས་ཁྱོད་ཚོས་རང་གི་བདེ་འཇགས་དང་བཟའ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ་བདེ་འཇགས་ལ་འགན་ཁུར་དང་ཚད་ལས་མ་བརྒལ་བའི་སྒོ་ནས་འཕྲུལ་རྟ་དང་རླངས་འཁོར་སོགས་སྐོར་དགོས། དེ་ནི་བདེ་འཇགས་དང་བདེ་སྐྱིད་གཉིས་ཀའི་རྩ་དོན་ཡིན། དེ་བཞིན་ལོ་སར་གྱི་སྐབས་འདིར་བྱིས་པ་ཚོ་ལ་མཚོན་ན་ཤོག་སྦག་བཀད་པ་ནི་ཆེས་སྤྲོ་སྣང་དང་དགའ་སྤྲོ་འཕེལ་བའི་རྩེད་ཆས་ཤིག་ཡིན་པས། བྱིས་པ་ཚོས་ཤོག་སྦག་ཉོ་དགོས་པའི་རེ་བ་བཏོན་སྲིད། ཁྱོད་ཀྱིས་ངེས་པར་དུ་ཤོ་སྦག་ཉོ་དགོས་བྱུང་ནའང་འགད་དུས་ཅུང་ནུས་ཤུགས་མི་ཆེ་བ་དང་རང་གི་ལག་ནང་དུ་མི་འགད་པའི་རིགས་དེ་ཉོས་ན་བཟང་། དེ་བས་ང་ཚོས་བདེ་འཇགས་ཡོད་པའི་སྒོ་ནས་ལོ་གསར་ལ་རོལ་དགོས།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།