ཆ་འཕྲིན་དུས་རབས་སུ་ཆེས་གལ་འགངས་ཆེ་བ་ནི་བསམ་གཞིག་ཡིན།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས།དུས་ཚོད།   2018-02-08རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ཆ་འཕྲིན་དུས་རབས་དང་ནང་སྒོས་སུ་སྤོ་འགུལ་སྦྲེལ་མཐུད་དྲ་རྒྱའི་དུས་རབས་ཀྱིས་སྔོན་ཆད་དང་ཀུན་ནས་མི་མཐུན་པའི་ལྟ་ཀློག་གི་ཐབས་ཤེས་གསར་བ་ཞིག་སྐྲུན་བཞིན་ཡོད། འདི་ལྟ་བུའི་འགྱུར་ལྡོག་གིས་དཔེ་ཀློག་ལ་རེ་འདུན་གསར་བ་དང་དཀའ་ཁག་གསར་བ་བྱིན་པས། ངེས་པར་དུ་འགྱུར་ལྡོག་འདི་དང་བསྟུན་ནས་ཆ་འཕྲིན་དུས་རབས་དང་འཚམ་པའི་དཔེ་ཀློག་འཚོ་བ་ཞིག་བསྐྲུན་པར་འབད་དགོས།

      སྦྲེལ་མཐུད་དྲ་རྒྱ་དང་ཨང་ཀི་ཅན་གྱིས་ལྟ་ཀློག་ལ་སྔ་མེད་ཀྱི་སྟབས་བདེ་བསྐྲུན་པ་དང་།    དཔེ་ཀློག་གི་ཉམས་མྱོང་གསར་ཞིག་ང་ཚོའི་མིག་མདུན་ལྷགས་ཡོད་དེ། ང་ཚོས་རི་བོའི་གཏོས་དང་མཉམ་པའི་ཡིག་ཆ་ལྟ་ཀློག་བྱེད་པར་སྟབས་བདེ་བསྐྲུན་པར་མ་ཟད། རང་ལ་ཁོམ་པ་ཡོད་དུས་དང་དུས་ཚོད་ཐུང་ཐུང་ནང་གང་དགར་ལྟ་ཀློག་བྱེད་ཆོག་ཅིང་ཐ་ན་ཕན་ཚུན་ཁ་བརྡའི་རྣམ་པར་བརྟེན་ནས་ལྟ་ཀློག་ཀྱང་བྱེད་ཆོག གཞན་དུ་ན། སྐད་འཕྲིན་དང་པོད་ཕྲན་རྒྱ་ཁྱབ་ཏུ་དར་བ་དང་བསྟུན་ནས་ལྟ་ཀློག་གི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། སྔར་ལས་རྒྱུན་ལྡན་ཅན་དུ་གྱུར་བ་སོགས་ཀྱིས་ཆ་འཕྲིན་མང་བོ་བསྡུ་ལེན་བྱེད་ཐུབ་པར་སྟབས་བདེ་བཟོས།  

        གཞོན་སྐྱེས་རྣམས་ཀྱིས་གསར་དུ་དར་བའི་དྲ་རྒྱའི་ལྟ་ཀློག་གི་ཐབས་ཤེས་སྣང་མེད་དུ་བཏང་བ་དེར། ཤེས་རྟོགས་དང་རྒྱབ་སྐྱོར་བྱ་དགོས། ཡིན་ནའང་། དྲ་རྒྱ་ལ་མ་བརྟེན་པའི་ཞན་ཆ་དང་དང་ལེན་མི་བྱེད་པའི་སྤྱོད་སྟངས་སོགས་ཤེས་དགོས།   

       ང་ཚོའི་དྲན་ཤེས་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་དྲ་རྒྱ་ལ་བརྟེན་དང་རྟེན་གྱིན་པར་སྣང་སྟེ་བདག་གིས་འདི་ལ་“རིག་མཛོད་ལ་བརྟེན་ཆེས་པའི་ནད”་ཅེས་བཏགས་པ་ཡིན། དེང་གི་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བྱིངས་དྲ་རྒྱ་ལ་བརྟེན་ནས་བྲིས་པ་ཤ་སྟག་ཡིན། དེ་ནི་སྔོན་ཆད་ལྟར་དུས་ཚོད་མང་བོ་བེད་སྤྱད་ནས་ཡིག་ཆ་མང་བོ་འཚོལ་སྡུད་བྱེད་མི་དགོས་པས་ཤིན་ཏུ་སྟབས་བདེ་ཡིན། གོམས་ན་སླ་བར་མི་འགྱུར་བའི་དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་པར་ལྟར།   དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མ་ཕལ་ཆེར་བས་གནད་དོན་དང་དོགས་གཞི། ཡིག་ཆ་སོགས་བཙལ་དགོས་ཚེ་རང་གིས་བསམ་གཞིག་ཕྲན་ཙམ་མི་གཏོང་བར་ཅི་མི་སྙམ་པའི་སྒོ་ནས་“རིག་མཛོད”ཀྱི་ཁ་འབྱེ་བ་གོམས་ལོབས་སུ་གྱུར། བྱ་བྱེད་འདི་རིགས་ལ་མཇུག་འབྲས་ཡོད་པ་ལས་བརྒྱུད་རིམ་མེད་པས་རང་གི་ཤེས་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བར་རྔོ་མི་ཐོགས། དེ་ལས་ལྡོག་སྟེ་ལེ་ལོ་དང་རྐུ་བཤུས་ཀྱི་གོམས་གཤིས་ངན་པ་ལོབས་སུ་འཇུག་ཐུབ། མི་ཆོས་རིག་པའི་རིག་ཚན་གྱི་ངོས་ནས་བརྗོད་ན། ཞིབ་འཇུག་གི་ཁ་གཏད་དང་གནད་དོན་འཚོལ་བ།   ཞིབ་འཇུག་གི་ཐབས་ལམ་ལ་ངེས་ཤེས་གསལ་བོར་འདྲོངས་པ་བཅས་ཀྱི་བརྒྱུད་རིམ་ནི་མངོན་སུམ་དང་རྗེས་དཔག་ལ་བརྟེན་ནས་ཉམས་སུ་མྱོང་དགོས་པས་ཧ་ཅང་གལ་ཆེ་བར་འདོད། གལ་ཏེ།    བརྒྱུད་རིམ་འདི་དག་ལ་མ་བརྟེན་པར་དྲ་རྒྱའི་ཡིག་ཆར་རྟེན་ཆེས་ན་ཁ་འཐོར་དང་བསྐྱར་བཤུས།  བསམ་གཞིག་དང་རང་གི་ལྟ་ཚུལ་མེད་པ་བཅས་སུ་འགྱུར་ཉེན་ཆེ་བས། རྩོམ་འདིའི་རིགས་ལ་མྱོང་ཚོར་དང་དོན་སྙིང་ཆེར་མེད་དོ། །  

      རི་བོའི་གཏོས་ལས་བརྒལ་བའི་ཆ་འཕྲིན་དང་ཆ་འཕྲིན་གྱི་རླབས་ཕྲེང་དགུང་དུ་འཕྱོ་བའི་དུས་འདིར། སེམས་ཁྲལ་སྔར་ལས་མང་བོ་ཞིག་མི་འདོད་བཞིན་དུ་ང་ཚོའི་མིག་མདུན་དུ་འཚང་ཁ་ཤིག་ཤིག་བྱེད་བཞིན་གདའ།   

     ལིན་ཡུས་ཐང་གིས། དཔེ་ཀློག་གིས་གཅོམ་སྐྱུང་དང་ཞི་ཞིང་དུལ་བ། རྙིང་ཞེན་དང་རིང་གྱེས་པ། ཕྱོགས་རིས་སོགས་མེད་པའི་མི་ཚུལ་མཐུན་ཞིག་ཏུ་བསྒྱུར་ཐུབ་ཅེས་གསུངས། ཆ་འཕྲིན་དུས་རབས་སུ་དྲ་རྒྱ་ཚུལ་མཐུན་གྱིས་བེད་སྤྱོད་བྱེད་པ་དང་བསྟུན་ནས་དྲ་རྒྱ་ལ་བརྟེན་ཆེས་པའི་ངན་གཤིས་མི་གོམས་པར་བྱས་ཏེ། ལྟ་ཀློག་གི་ཁོར་ཡུག་ཚུལ་མཐུན་ཞིག་དང་འགྲོགས་ནས་ལྟ་ཀློག་གི་གོམས་གཤིས་བཟང་བོ་ཡུན་ནས་ཡུན་དུ་བསྐྱང་དགོས་སོ། ། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།