ལོ་སར་ཉེ་དུས་ཀྱི་ཧུང་ཡོན་རྫོང་གི་ཚོང་ཁྲོམ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2018-02-08རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གནམ་ལོ་གསར་ཚེས་ལ་ཉེ་བའི་དུས་འདིར། ཧུང་ཡོན་རྫོང་གྲོང་གི་སྲང་ལམ་ཕྱོགས་གཉིས་ཀྱི་ལམ་སྒྲོན་ཐོག་ཏུ་ལྒང་བཞུ་དམར་པོ་བཀལ་ཡོད་ལ། དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་འདུག ཚོང་ཁང་གི་མདུན་དུ་ཀ་ར་དང་། རྒྱུ་མ། ཤ་སྐམ། རྩེད་ཆས། བོད་སྤོས། བོད་ལྭ་སོགས་བོད་རིགས་སྤུན་ཟླ་རྣམས་ཆེས་དགའ་བའི་ཚོང་ཟོག་འདྲ་མིན་བཤམས་འདུག

       ལོ་37ལ་སླེབས་པའི་པད་མ་རིན་ཆེན་གྱིས་ཉེ་སྔོན་མཚོ་སྔོན་ནས་དཀར་ཡོལ་འབྲུག་རིས་མ་ཁག་ཅིག་ཚོང་དུ་བླངས་ནས། རྐུབ་སྟེགས་ཆུང་བ་ཞིག་གི་ཐོག་ཏུ་བསྡད་དེ་ཚོང་འབོད་བྱེད་བཞིན་ཡོད། དེ་རིང་ངས་དཀར་ཡོལ་མང་པོ་ཞིག་ཕྱིར་བཙོང་ཐུབ་སོང་། ཉིན་འདི་དག་ལ་ངས་ཉིན་གཅིག་ལ་སྒོར་2000 ལྷག་ལེན་ཐུབ་ཅེས་ཟེར། 

       ཧུང་ཡོན་རྫོང་ལུང་ཟི་ཡུལ་ཚོ་ཟངས་དཀར་སྟོད་མའི་ལམ་གྱི་སྒོ་རྟགས་ཨང་49བའི་ལྷ་མོ་མཚོ་ཚང་གིས་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཡོད་ལ། གསར་འགོད་པ་གནས་དེར་སླེབས་ཚེ། ལྷ་མོ་མཚོ་ཚང་གི་བཟའ་ཚང་གང་བོས་ཟོག་འདྲེན་རླངས་འཁོར་ནས་ཚོང་ཟོག་མར་འབེབས་བཞིན་ཡོད། ཚོང་མཛོད་ནང་དུ་ལོ་གསར་གྱི་མཁོ་ཆས་མང་པོ་སྤུངས་འདུག

       སྡེ་མི་འཇམ་དབྱངས་རྒྱ་མཚོས་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རོགས་རམ་འོག གྲངས་ཉུང་དངུལ་བུན་བླངས་ནས་རྩིད་པའི་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཡོད། ད་ལོར་ཏུན་1ལྷག་གི་ཐོན་རྫས་ཕྱིར་བཙོང་ནས་ཁེ་སྤོགས་དམངས་སྒོར་ཁྲི་5ལྷག་ཐོབ་པ་དང་། སྲིད་གཞུང་གིས་ད་དུང་ཁོ་ལ་སྨི་གྲུ་བཞི་མ་80ཅན་གྱི་བོད་ཁུལ་གྱི་སྡོད་ཁང་གསར་པ་ཞིག་སྐྲུན་རོགས་བྱས། ཁོ་བོས་གསར་འགོད་པར་བཤད་རྒྱུར། ད་སྐབས་སྲིད་ཇུས་དངོས་གནས་ཡག་པོ་འདུག ཉིན་རྒྱུན་ལོ་གསར་རོལ་བཞིན་པ་དང་འདྲ། ཡུལ་འདིའི་མང་ཚོགས་ཀྱིས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

        ཤེས་རྟོགས་བྱུང་བར་ལྟར་ན། ལོ་སར་སྔོན་དུ་ཧུང་ཡོན་རྫོང་ཨུ་དང་སྲིད་གཞུང་གིས་གསེར་དེའུ་གྲོང་རྡལ་དང་། སྦྲ་ཆེན་གྲོང་རྡལ། ཚ་རུ་མ་ཡུལ་ཚོ་སོགས་སུ་རྒན་བཀུར་དང་བླངས་བྱེད་སྒོ་སྤེལ་ཏེ། བྱམས་སྐྱོང་གིས་བརྩེ་བ་ཚོར་བ་ཞེས་པ་བརྗོད་དོན་བྱས་པའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ། དམངས་ཁྲོད་རྡུང་ལེན་ཚོགས་པར་རྩ་འཛུགས་བྱས་ནས་ཡུལ་ཚོ་སོ་སོའི་རྒན་བཀུར་ཁང་དུ་འཚམས་འདྲིའི་འཁྲབ་སྟོན་བྱས། 

       དེ་མིན། དཔྱིད་གསར་དུས་ཆེན་རིང་དུ། ཧུང་ཡོན་རྫོང་གིས་ཚ་རུ་མ་ཡུལ་ཚོ་རུ་སློབ་ཆེན་སློབ་མ་དང་ཕྱིར་ལོག་ལས་གཏོད་པའི་དགུན་གནང་སྐབས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས། སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ། ཟངས་དཀར་ཡུལ་ཚོ་རུ་ད་དུང་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་འཚོགས་རྒྱུ་རེད་ལ། ཨ་མཆོག་གྲོང་རྡལ་དུ་ཡང་གླུ་གར་འཁྲབ་སྟོན། གར་ཆུང་། བཤོམ་ལྭ་ངོམས་པ་སོགས་ཀྱི་རྣམ་པས་དཔྱིད་གསར་དུས་ཆེན་བསུ་རྒྱུ་རེད། བཀྲ་ཤིས་ལོ་གསར་གྱི་རྟེན་འབྲེལ་སྒོ་མོ་རིམ་བཞིན་ཕྱེས་བྱུང་། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།