སྡོད་ཁང་གསར་བར་གནས་སྤོས་ཏེ།། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།།

ཧུང་ཡོན་རྫོང་གནས་སྤོའི་དབུལ་སྐྱོར་ལས་དོན་གྱི་རེག་ཟིག

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2018-02-07རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      ཉེ་བའི་ཆར་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དམག་གསར་སྡེ་བའི་གཡུ་མོ་སྒྲོན་ཞི་ཁྲང་ནས་དགུན་གནང་བཏང་སྟེ་ཕྱིར་རང་གི་ཕ་ཡུལ་དུ་འབྱོར་བ་ན། ཁོང་ཚང་སྔ་མོ་ནས་ཞིག་རལ་གྱི་རྡོ་ཁང་ནས་གྲལ་དག་པའི་ཨར་ཁང་དུ་རུ་སྤར་འདུག

      སློབ་སྐབས་གཅིག་ཙམ་ལ་ཕྱིར་རང་ཁྱིམ་དུ་མ་ལོག་པས་འདི་ནི་ཁོ་མོའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཅི་ལ་མིན། གཡུ་མོ་སྒྲོན་ན་རེ། སྡེ་བའི་གནས་སྤོའི་དབུལ་སྐྱོར་གྱི་ཐུན་མོང་གི་སྡོད་ཁང་བསྐྲུན་པར། མི་རེར་སྨི་གྲུ་བཞི་མ25ཡི་ཚད་གཞི་ལྟར་ན། ངེད་ཚང་ལ་བཟའ་མི་གསུམ་ཡོད་པས་ཁང་བར་ཡང་སྨི་གྲུ་བཞི་མ75ཡོད། སྡོད་ཁང་གསར་བ་གསར་རྐྱང་ཡིན་པས་དྲོད་ཁོལ་ལྡན་པ་ཞིག་རེད། 

      གཡུ་མོ་སྒྲོན་དང་མོའི་ནུ་མོ་གཡུ་མོ་སྐྱིད་གཉིས་ཀ་ད་དུང་སློབ་གྲྭ་རུ་ཡོད་པ་དང་། ཁྱིམ་དུ་ལོ་ན67ལོན་པའི་རྒན་མོ་སྐལ་ལོ་ལས་གཞན་པའི་ངལ་རྩོལ་བ་མེད་པར་གཞིགས་ཏེ། དབུལ་རོགས་སྡེ་ཁག་གིས་ཁོང་ཚང་ལ་ཁྱིམ་གསར་བ་ཆ་ཚང་ཉོས་འདུག

      ང་རང་ཕྱིར་ཁྱིམ་དུ་ལོག་ཚེ་རྨོ་མོས་ང་ལ་བཤད་རྒྱུར། སྡེ་བའི་ལས་བྱེད་པས་ཁོ་མོར་སྡོད་ཁང་གསར་བར་སྤོར་ཆོག་ཅེས་བཤད་མོད། ཁང་བར་ཁྱིམ་ཆས་སོགས་འཐུས་ཚང་ཡིན་པ་ཡིད་ལའང་མ་ཤར་ཞེས་དགའ་ཐག་ཆོད་དེ་བཤད། གཡུ་མོ་སྒྲོན་གྱིས་བཤད་རྒྱུར། མོའི་སློབ་ཆེན་གྱི་ཆེད་ལས་ནི་བྱིས་གཉོར་དགེ་རྒན་ཡིན་ལ། ཧུང་ཡོན་རྫོང་དུ་ཆེད་ལས་འདིའི་ཕྱོགས་ཀྱི་འཇོན་ལྡན་པ་མང་པོ་མི་འདུག སློབ་མཐར་ཕྱིན་རྗེས་ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་ལ་དྲིན་ལན་གཞལ་དགོས་ཟེར། 

       ལོ་ན47ལོན་པའི་སྡེ་མི་ཉི་ཁོ་ཡང་གནས་སྤོའི་དབུལ་སྐྱོར་གྱི་གྲས་སུ་ཡོད་ལ། ཁོང་ཚང་ལ་བཟའ་མི10ཡོད་མོད་དབང་ཞ་བ3ཡོད་པའི་ཁར། བྱིས་པ4ད་དུང་སློབ་གྲྭ་རུ་ཡོད་པས། ཁྱིམ་དུ་ངལ་རྩོལ་བ་ཉུང་བས་སྡེ་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན། 

       དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་འོག ཉི་ཁོ་བཟའ་མི་གང་བོ་ན་ནིང་ནས་དུས་ལྟར་དབུལ་ཕོངས་ལས་བསྒྲལ་ཟིན་པ་དང་། བཟའ་མི་ཡོངས་དབུལ་ཕོངས་ལ་བསྒྲལ་བར་དགའ་སྟོན་བཤམས་ཕྱིར་དང་། དགུན་གྱི་གྲང་ངར་དྲོད་ཀྱིས་སྐྱེལ་ཕྱིར་དུ་ངེད་བཟའ་མི་གང་བོ་ན་ནིང་གི་ཟླ12པར་སྡོད་ཁང་གསར་བ་རུ་སྤར་བ་ཡིན་ཞེས་བཤད། ཁང་བ་ན་ནིང་གི་ཟླ8པ་ནས་བསྐྲུན་ཟིན་མོད་ཉིན་ཡག་སྐར་ཡག་ཅིག་ལ་བསྒུག་པ་ཡིན་ཟེར། ཉི་ཁོའི་སྔོན་ཆད་ཀྱི་ཁང་བར་ཁང་མིག3ལས་མེད་པས་བཟའ་མི10ཅན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ལ་མཚོན་ན་ཆུང་དྲག་པ་མ་ཟད། ལོ་མང་འགོར་བས་མཚམས་མཚམས་སུ་ཐིགས་ཆུ་འཛར་གྱི་ཡོད། ད་ལྟ་ངེད་ཚང་གི་ཁང་བར་སྨི་གྲུ་བཞི་མ150ཡོད་ལ། ཉལ་ཁང6ཡོད་པས་སྔོན་ཆད་དང་བསྡུར་ན་ཆ་རྐྱེན་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་ཅེས་ཉི་ཁོས་བཤད། 

       ཁྱུང་མཆུ་གྲོང་རྡལ་དུ་གཡུ་མོ་སྒྲོན་དང་ཉི་ཁོ་ལྟ་བུའི་གནས་སྤོར་བའི་ཁྱིམ་ཚང་མི་ཉུང་ལ། ཧུང་ཡོན་རྫོང་མཁར་ནས་སྐ་ཆུའི་ཕ་རོལ་གྱི་ཁྱུང་མཆུ་གྲོང་རྡལ་དུ་བལྟས་ཚེ། སྟར་འཕྲེང་བསྒྲིགས་པའི་ཁང་བ་སེར་བོ་དག་གིས་དགུན་དུས་སུ་གྲང་འཁྱག་གིས་བསྡམ་པའི་རྩྭ་ཐང་ལ་དྲོད་ཁོལ་གཞན་སྟེར་སྲིད། གནས་སྤོའི་དབུལ་སྐྱོར་ནི་དབུལ་སྐྱོར་གནད་འཁེལ་དང་། དབུལ་སྒྲོལ་གནད་འཁེལ་ལག་ཏུ་བསྟར་བའི་ཐབས་དམ་པ་ཞིག་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ་དང་ཡོང་སྒོ་འབྲིང་བའི་རྒྱ་རུ་མི་ཚུད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན།

       ཉེ་བའི་ལོ་ཤས་རིང་ནས་བཟུང་ཧུང་ཡོན་རྫོང་གིས་ངང་སྒུག་ནི་དུས་ཚོད་ཆུད་ཟོས་ཡིན་པའི་འགན་འཁྲིའི་འདུ་ཤེས་གཞིར་བཟུང་ནས་དགུན་གྱི་ཁོམ་པ་བྲེལ་བས་བཟུང་སྟེ། སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ་ལས་གཞིའི་གོམ་སྟབས་མགྱོགས་སུ་གཏང་བའི་ཞོར་དུ། ལས་གཞིའི་རྒྱུ་སྤུས་གཙིགས་སུ་བཟུང་ནས་གནས་སྤོའི་ལས་གཞི་དང་། ཆུ། གློག ལམ་སོགས་རྨང་གཞིའི་སྒྲིག་ཆས་མ་ཚང་བ་མེད་པར་བྱས་ཏེ་མང་ཚོགས་ཀྱི་དགའ་མགུ་ཡི་རིང་ཐོབ་པའི་ལས་གཞི་ཞིག་ཡོང་བར་ཁག་ཐེག་བྱས། 

      ན་ནིང་གི་ཟླ8པའི་ཚེས27བར་དུ་འཆར་གཞིའི་སྡོད་ཁང206ཡོངས་སུ་བསྐྲུན་ཟིན་པ་མ་ཟད་སྡོད་ཆོག་པའི་ཆ་རྐྱེན་འདང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་འདུན་སྔོན་དུ་གྲུབ་པ་རེད། 

སྲིད་ཇུས་ལག་བསྟར་ཡོང་བར་ཁག་ཐེག་ཇི་ལྟར་བྱ་ཞེ་ན།

       ཧུང་ཡོན་རྫོང་གིས་རྫོང་ཨུའི་ཧྲུའུ་ཅི་དང་། རྫོང་དཔོན་གཉིས་ཀྱིས་ཚོགས་གཙོ་གཉིས་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ་གཉིས་ཀྱིས་ཚོགས་གཙོ་གཞོན་པ། འཕེལ་སྒྱུར་དང་དབུལ་སྐྱོར། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་ཚོགས་མིའི་ལས་ཁུངས་ཀྱིས་གནས་སྤོའི་དབུལ་སྐྱོར་འགོ་ཁྲིད་ཚོ་ཆུང་བཙུགས་སྟེ། རྫོང་ཡོངས་སུ་ཕྱོགས་ཡོངས་ནས་ལྔ་འཆར་བཅུ་གསུམ་པའི་སྐབས་ཀྱི་གནས་སྤོའི་དབུལ་སྐྱོར་ལས་དོན་བསྒྲུབས་ཤིང་། ཡུལ་གྲོང་སོ་སོའི་འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་གྱི་དོ་དམ་ལས་དོན་ལས་ཁུངས་བཙུགས་ཏེ་འགན་འཁྲིའི་ལས་དོན་དོན་དུ་འཁྱོལ་བའི་ལམ་ལུགས་བཟོས། 

ཚན་རིག་དང་མཐུན་པའི་གནས་སྤོ་་ཡུལ་ཇི་ལྟར་གདམ་ཞེ་ན།

     ཧུང་ཡོན་རྫོང་གིས་ཧུང་ཡོན་རྫོང་གནས་སྤོའི་དབུལ་སྐྱོར་ལག་བསྟར་གྱི་གྲོས་ཆོད་བསྒྲིགས་ཏེ། སྨི་གྲུ་བཞི་མ25དང་། 50 75 100 125 150ཅན་གྱི་ཁང་དབྱིབས་འཆར་འགོད་བྱས་ཏེ་གནས་སྤོའི་ཁྱིམ་ཚང་ལ་བདམ་དུ་བཅུག་ཅིང་། ལུགས་མཐུན་གྱིས་རྗེས་ཕྱོགས་ཀྱི་ཐོན་ལས་གོང་འཕེལ་དུ་བཏང་སྟེ་གནས་སྤོ་བར་བརྟན་འཇགས་ཀྱི་སྡོད་གནས་དང་། འབྱོར་ཕྱུག་ཁྱིམ་ཚང་གི་དམིགས་འདུན་འགྲུབ་པར་ཁག་ཐེག་བྱས་ཏེ་ཚན་རིག་གི་འཆར་འགོད་དང་མཐུན་པར་བྱས། 

སྲིད་ཇུས་དྲིལ་སྒྲོག་ཇི་ལྟར་གནད་དུ་ཐིངས་བར་བྱ།

      ཧུང་ཡོན་རྫོང་གིས་རྒྱལ་ཁབ་དང་། ཞིང་ཆེན་གནས་སྤོའི་དབུལ་སྐྱོར་དང་འབྲེལ་ཡོད་ཀྱི་སྲིད་ཇུས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཧུང་ཡོན་རྫོང་གི་ལྔ་འཆར་བཅུ་གསུམ་པའི་གནས་སྤོའི་དབུལ་སྐྱོར་དང་འབྲེལ་ཡོད་ཀྱི་སྲིད་ཇུས་ལེའུ་དང་པོ་དང་གནས་སྤོའི་དབུལ་སྐྱོར་གྱི་བོད་རྒྱ་སྐད་གཉིས་དྲིལ་སྒྲོག་ཡིག་ཆ་བསྒྲིགས་པ་མ་ཟད། གནས་སྤོའི་དབུལ་སྐྱོར་དང་འབྲེལ་བའི་ཡུལ་གྲོང་སོ་སོ་དང་འབྲོག་ཁྱིམ་སོ་སོར་བཀྲམ་སྟེ། ཚང་མས་མ་གོ་མ་མཐོང་མེད་པར་བྱས།

       གསར་འགོད་པས་ཁྱུང་མཆུ་གྲོང་རྡལ་དུ་བཅར་འདྲིའི་སྐབས་སུ་གནས་སྤོའི་ཁྱིམ་ཚང་གི་སྒོ་ངོས་སུ་སྦྱར་བའི་བྱང་བུ་ལས་མཐོང་བར། ཁྱིམ་ཚང་ཀུན་གྱིས་དེང་རབས་འབྲོག་ལས་ལག་རྩལ་གསོ་སྦྱོང་དང་ཀྲུང་ལུགས་གཡོས་སྦྱོར་ལག་རྩལ་གསོ་སྦྱོང་མྱངས་འདུག

        ཧུང་ཡོན་རྫོང་གནས་སྤོ་ཡུལ་མིའི་དབུལ་སྐྱོར་ཅུས་ཀྱི་འགན་འཁུར་བས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན། རྗེས་མར་ང་ཚོས་མཉམ་འབྲེལ་ལྔ་དང་ཐོན་ལས་ཅན་གྱི་གོང་འཕེལ་རྣམ་པ་སྐུལ་འདེད་གཏིང་ཟབ་བྱས་ཏེ། སྣེ་ཁྲིད་ཁེ་ལས་མཉམ་འབྲེལ་དང་། ཐུན་མོང་དཔལ་འབྱོར་མཉམ་འབྲེལ། སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་འབྲེལ། གོང་འཕེལ་ཐེབས་རྩ་མཉམ་འབྲེལ། དབུལ་རྩའི་དབུལ་སྒྲོལ་མཉམ་འབྲེལ་དང་ལས་ཞུགས་གསོ་སྦྱོང་སྤེལ་ཏེ། གཞན་བརྟེན་ནས་རང་བརྟེན་དུ་བསྒྱུར་ཏེ་གནས་སྤོ་བར་གཏན་འཇགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་ཡོད་པར་ཁག་ཐེག་བྱས་ཡོད་ཟེར།

        གནས་སྤོ་བ་ནི་དབུལ་སྒྲོལ་གྱི་དམིགས་འདུན་འགྲུབ་པའི་ཐབས་ལམ་ཡིན་ལ། ཧུང་ཡོན་རྫོང་གིས་ཕྱོགས་གཅིག་ནས་གནས་སྤོའི་དབུལ་སྐྱོར་ལ་སྐྱ་ཐིག་འཐེན་པ་མ་ཟད། ཕྱོགས་གཅིག་ནས་ཚ་ཚ་འུར་འུར་གྱི་དབུལ་སྒྲོལ་འབྱོར་ཕྱུག་གི་ཐོན་ལས་ལག་ལེན་དུ་བསྟར་བཞིན་ཡོད་པས། དབུལ་ཕོངས་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་སྒྱུར་གྱི་བདེ་ཞིང་སྐྱིད་པའི་ངོ་མཚར་གྱི་གཏམ་རྒྱུད་ཅིག་འཆད་བཞིན་ནོ།། 


རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།