བདག་ལ་རེ་བའི་ཕུགས་འདུན་གསོན་པོ་ཞིག་ཡོད།

ལས་གཏོད་པ་དབྱང་ཅན་ཅུན་གྱི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས་ཀྱིས། དུས་ཚོད།   2018-02-07རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          2009ལོར། ཕ་ཡུལ་དར་རྩེ་མདོ་ནས་ཡིན་པའི་དབྱང་ཅན་ཅུན་སློབ་ཆེན་མཐར་ཕྱིན་རྗེས། ལས་གཏོད་ཀྱི་ཕུགས་འདུན་སེམས་སུ་བཅངས་ཤིང་གློ་ཁུག་ཏུ་སྒོར་སུམ་བརྒྱ་བཟུང་ནས་རྔ་ཁུལ་དུ་འབྱོར། ཁོ་ནི་ལོ་རབས་བརྒྱད་ཅུ་ནང་སྐྱེས་པའི་དར་མ་ཞིག་ཡིན། དབྱང་ཅན་ཅུན་གྱིས། ཐོག་དང་བོར་རྔ་ཁུལ་དུ་ཡོང་དུས་ས་ཆ་རྒྱུས་མེད་ཡིན་ལ་གྲོགས་པོའང་གཅིག་ཀྱང་མེད། གྲོད་ཁོག་ལྟོགས་དུས་རྗེན་ཐོ་སྐམ་པོ་ཟོས་པ་དང་། ཨ་ཐང་ཆད་དུས་སྲང་བར་གྱི་གྲུ་ཟུར་གང་རུང་དུ་ངལ་གསོས་པ་ཡིན་ཞེས་བཤད།   

        འཚོ་ཚིས་ཀྱི་ཆེད་དུ་དབྱང་ཅན་ཅུན་གྱིས་རྒྱ་ཁོག་ཟ་ཁང་དུ་ཞབས་ཞུ་བྱས། དབྱང་ཅན་ཅུན་གྱིས། ལས་ཀྱི་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན་བསྐྱུར་ནས་ས་མཐར་འཁྱམ་པ་ནི་དཀའ་བའི་ལས་ཤིག་ཡིན་པས། ཕྱིར་ཕ་ཡུལ་དུ་ལོག་འགྲོ་བསམ་པའི་དྲན་ཚོར་ཡང་ཡང་སྐྱེས་མྱངས་ཞེས་བཤད།  

        བདག་གིས་མིག་སྔའི་གནས་བབ་སྒྱུར་འདོད་པ་སྐོམ་པ་ཆུ་ལ་རེ་བ་དང་མཚུངས། རྒྱ་ཁོག་ཟ་ཁང་དུ་ཞབས་ཞུ་བྱེད་ཞོར་ལས་གཏོད་ཀྱི་ལམ་དུ་འཇུག་མགོ་བརྩམས། མཐར་ཀུང་སི་ག་གེ་མོ་ཞིག་ཏུ་ཀ་ཅ་འཚོང་མཁན་དུ་གྱུར་བར་མ་ཟད། རྔ་ཁུལ་གྱི་རྫོང(གྲོང་ཁྱེར)བཅུ་གསུམ་དུ་ཀ་ཅ་ངོ་སྤྲོད་དང་འཚོང་དུ་ཕྱིན་པ་ཡིན།  

        དབྱང་ཅན་ཅུན་གྱིས། ཀ་ཅ་བཙོང་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན་པ་དང་། ཉོ་མཁན་གྱིས་རྟག་པར་བདག་གིས་ངོ་སྤྲོད་བྱེད་པའི་ཚོང་རྫས་མི་ཉོ་བར་མ་ཟད། ཐ་ན་སྐབས་རེར་ཉོ་མཁན་གྱིས་ཁ་ཡ་ཙམ་ཡང་མི་བྱེད། དེ་ནི་བདག་ལ་མཚོན་ན་བཟོད་གླགས་བྲལ་བའི་སྡུག་བསྔལ་ཞིག་ཅི་ལ་མིན་ཞེས་བཤད།   

        ཁོ་ལ་ཟླ་ཕོགས་མང་བོ་མེད་ནའང་ཟས་གོས་གནས་མལ་གྱི་འགྲོ་གྲོན་གྲོན་ཆུང་དུ་བཏང་ནས་སྒོར་མོ་མང་ཆེ་བ་གསོག་འཇོག་བྱས། རྒྱུ་མཚན་ནི་ལས་གཏོད་ནི་ཁོའི་ཕུགས་འདུན་ཡིན།  

       2010ལོ་མཇུག་ཏུ། རྒྱུ་དང་ཉམས་མྱོང་སོགས་གང་ལ་གང་འཚམ་ཞིག་བསགས་ཡོད་པས་ཀུང་སི་གང་དེ་ནས་མུ་མཐུད་དུ་ཀ་ཅ་འཚོང་བའི་ལས་མཚམས་བཞག དེ་ནས་འབར་ཁམས་སུ་ཆ་འཕྲིན་མཚམས་སྦྱོར་ཞེས་པའི་ཀུང་སི་ཞིག་ཕྱེས། དེ་ལྟར་ཁོའི་ལས་གཏོད་ཀྱི་ཕུགས་འདུན་མངོན་དུ་གྱུར།   

        བྱ་བ་མ་ལུས་ཀྱི་མགོ་བརྩམ་རྒྱུ་ཤིན་ཏུ་དཀའ་ཞེས་བཤད་པ་ལྟར། ཟླ་ཁ་ཤས་ཀྱི་རྗེས་སུ། ཁོའི་བདག་གཉེར་གྱི་ཉམས་མྱོང་དབེན་པས་ཀུང་སིའི་སྒོ་བརྒྱག་དགོས་བྱུང་སོང་། དབྱང་ཅན་ཅུན་གྱིས། ལས་དོན་ཡག་པོ་ཞིག་སྒྲུབ་བསམ་པའི་སྐབས་དེར་བདག་གཉེར་གྱིས་མ་འདང་བ་སོགས་རྐྱེན་གྱིས་ཀུང་སིའི་སྒོ་བརྒྱག་དགོས་བྱུང་བས་རེ་བའི་ཐག་པ་ཀུན་ནས་ཆད་སོང་ཞེས་བཤད།   

        ལས་གཏོད་ཐེངས་དང་བོ་ཟླ་བ་ཁ་ཤས་ལས་མ་འགོར་བར་སྒོ་བརྒྱག་དགོས་བྱུང་ཡང་། ཁོས་སྔར་བཞིན་ལས་གཏོད་ཀྱི་ཕུགས་འདུན་སྐྱུར་མ་མྱོང་། 2011ལོའི་ཟླ11པར། ཁོའི་ཆུང་མས་སྐྲ་བཞར་ཁང་དུ་གླ་བ་བྱེད་ཀྱིན་ཡོད་པ་དང་། སྐྲ་བཞར་ཁང་གི་སྦྱིན་བདག་གིས་སྐྲ་བཞར་ཁང་གཞན་ལ་བཙོང་བའི་གཏམ་རྣ་བར་ཐོས་མ་ཐག དབྱང་ཅན་ཅུན་ཕྱོགས་ཡར་མར་སོང་ནས་སྒོར་མོ་བསྐྱིས་ནས་སྐྲ་བཞར་ཁང་ཉོས། དེ་ནི་ཁོ་ལ་མཚོན་ན་གོ་སྐབས་ཤིག་ཡིན། 

        དབྱང་ཅན་ཅུན་གྱིས། རང་ཉིད་ལ་དབང་བའི་སྐྲ་བཞར་ཁང་ཞིག་ཡོད་པ་ནས་བཟུང་སྟེ། བདག་གིས་ཆུང་མ་ལ་ལག་རོགས་བྱེད་པ་ཡིན། མགྲོན་པོ་མང་བོས་རྟག་པར་ང་ལ་ཁྱོད་སློབ་གྲྭ་ཆེན་མོ་བ་ཞིག་གིས་རང་གི་ཆུང་མ་ལ་ལག་རོགས་བྱེད་དགོས་སམ་ཞེས་ཀུ་རེའི་ཚུལ་གྱིས་དེ་སྐད་བཤད། མགྲོན་པོ་རྣམས་ཀྱི་ཀུ་རེ་ནི་དབྱང་ཅན་ཅུན་གྱི་ལས་ཀའི་སྐུལ་ལྕག་ཏུ་གྱུར།   

       མིག་རྡེབ་གཅིག་གི་ཡུན་ལ་མི་ལོ་ལྔ་འདས་སོང་། རང་གི་ལག་ཟུང་གི་རྩོལ་བ་ལ་བརྟེན་ནས་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་མི་ལོ་ལྔའི་རིང་ལས་གཏོད་ཀྱི་ཕུགས་འདུན་གསོན་པོ་སེམས་སུ་རུམ་ནས། མི་ལྡོག་པའི་བརྩོན་འགྲུས་ཀྱི་གོ་ཆ་བགོས་ནས་ལས་ཀ་ལ་འབད་འབད་དུང་དུང་བྱས་པས་རང་ཉིད་དང་ཆུང་མ་གཉིས་ལ་དབང་བའི་ཁང་བ་དང་རླངས་འཁོར་ཉོས་ཐུབ་གྱུར། དབྱང་ཅན་ཅུན་གྱིས། བདེ་སྐྱིད་མ་ལུས་འབད་བརྩོན་གྱི་རྗེས་སུ་འགྲོ་བས། བདག་གི་ལས་གཏོད་ཀྱི་ཕུགས་འདུན་སྐྲ་བཞར་ཁང་གཅིག་པུས་ཆོག་སྙམ་པ་ནི་མདུན་སྐྱོད་ཀྱི་དགྲ་བོ་ཡིན་ཞེས་བཤད།   

       2015ལོའི་ཟླ9ཚེས13ཉིན། དབྱང་ཅན་ཅུན་གྱི་ཆུང་མ་ལ་བུ་མོ་ཞིག་སྐྱེས། དབྱང་ཅན་ཅུན་གྱིས། ངེད་བཟའ་མི་གཉིས་ལ་བུ་མོ་ཞིག་སྐྱེས་པ་ནས་བཟུང་ཁྱིམ་ཚང་ཞིག་གི་དྲོད་ཁོལ་སྦྱིན་པ་ལས་གཞན་གོ་སྐབས་གསར་བ་ཞིག་ཀྱང་བྱིན་ཡོད་དེ། ངེད་བཟའ་མི་གཉིས་ཀྱིས་དམར་འབྱར་གྱི་ཅ་ལག་བཙོང་ས་ཞིག་ཕྱེས་པ་ཡིན་ཞེས་བཤད། སྐབས་དེར་སྨན་ཁང་གི་ཉེ་ལོགས་སུ་དམར་འབྱར་ལ་ཉེ་བར་མཁོ་བའི་ཅ་ལག་བཙོང་ས་མེད་པས། བུ་མོ་སྐྱེས་པའི་ཉིན་དང་བོར། ཁོས་ཉིན་གང་བོའི་ཟས་བཅགས་ནས་སྲང་ལམ་གྱི་ཚོང་ཁང་དུ་དམར་འབྱར་ལ་ཉེ་བར་མཁོ་བའི་ཅ་ལག་ཉོ་བར་བྲེལ།   

       དབྱང་ཅན་ཅུན་གྱིས། ངས་ཆུང་མ་ལ་དམར་འབྱར་ལ་མཁོ་བའི་ཅ་ལག་བཙོང་ས་ཞིག་གཉེར་ཐུབ་ན་ཤིན་ཏུ་ལེགས་ཚུལ་བཤད་པ་ན། ཆུང་མས་ངའི་ལས་དོན་ལ་རྒྱབ་སྐྱོར་བྱས་པས་ད་གཟོད་རྔ་བ་ཁུལ་གྱི་མི་དམངས་སྨན་ཁང་གི་ཉེ་ལོགས་སུ་དམར་འབྱར་ལ་མཁོ་བའི་ཅ་ལག་བཙོང་ས་ཞིག་ཕྱེས་པ་ཡིན་ཞེས་བཤད། 

       དབྱང་ཅན་ཅུན་གྱི་དམར་འབྱར་ཆེད་ཚོང་ཁང་ནི་འབར་ཁམས་ཀྱི་ཅ་ལག་སྒོ་ཁར་བསྐྱལ་བའི་ཚོང་ཁང་གཅིག་པུ་དེ་ཡིན། དུས་ཚོད་ཉེར་བཞིའི་རིང་ལས་གཉེར་བྱེད་ཀྱིན་ཡོད་པས་སུ་ཞིག་གི་དམར་འབྱར་ལ་མཁོ་བའི་ཅ་ལག་དགོས་ཚེ། ཁོ་ལ་ཁ་པར་བཏང་ན་དེ་མ་ཐག་ཏུ་སྒོ་ཁར་བསྐྱལ་ཡོང་།  

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།