ཨུ་རུ་སུའི་སུའུ་༢༥རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་སི་རི་ཡར་གཏོར་ལྷུང་བཏང་བ་དང་ཁ་ལོ་བ་འདས་གྲོངས་ཕྱིན་པ།

རྩོམ་པ་པོ།   དུས་ཚོད།   2018-02-05རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

            སྤྱི་ཚེས་༣ཉིན་ཨུ་རུ་སུའི་སུའུ་༢༥རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་སི་རི་ཡའི་ནུབ་བྱང་རྒྱུད་ཀྱི་དབྱི་ཏེ་ལི་ཕུ་མངའ་སྡེར་ཐལ་བསྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བར་རྡུང་རྡེག་གཏོང་བའི་ལས་འགན་བསྒྲུབས་སྐབས་འཁྱེར་བདེའི་མཁའ་ཟོན་མེ་ཤུགས་འཕུར་མདེལ་ཕོག་ནས་གཏོར་ལྷུང་ཐེབས་པ་དང་། གནམ་གྲུའི་ཐོག་གི་ཁ་ལོ་བ་འདས་གྲོངས་ཕྱིན་ཡོད། སྤྱི་ཚེས་༣ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གཞན་ཞིག་གི་ནང་། ཨུ་རུ་སུས་ཨུ་རུ་སུའི་དམག་འཐབ་གནམ་གྲུ་གཏོར་ལྷུང་གཏོང་མཁན་གྱི་འཁྱེར་བདེའི་མཁའ་ཟོན་མེ་ཤུགས་འཕུར་མདེལ་དེ་༼དབང་བསྡུའི་འཐབ་ཕྱོགས་༽ཟེར་བས་ཚོད་འཛིན་བྱས་པའི་དབྱི་ཏི་ལི་ཕུ་མངའ་སྡེའི་ས་ཁོངས་ནས་འཕེན་གཏོང་བྱས་པ་གཏན་འཁེལ་བྱས་ཡོད། སི་རི་ཡར་བཅའ་སྡོད་ཨུ་རུ་སུའི་དཔུང་སྡེས་དེ་རྗེས་ས་ཁུལ་དེར་གནད་འཕིགས་རྡུང་རྡེག་བཏང་ནས་ཁྱོན་༼དབང་བསྡུའི་འཐབ་ཕྱོགས་༽ཟེར་བའི་དྲག་ཆས་པ་༣༠བསད་ཡོད་ཅེས་བཤད་ཡོད། ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༣ཉིན་ཨུ་རུ་སུའི་གྲོས་ཚོགས་སྨད་པའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲི་ཝེ་ཐེ་ཅིན་གྱིས་དེའི་གོང་སི་རི་ཡའི་ནང་ཁུངས་ཀྱི་ཐལ་བསྐྱོད་སྒྲིག་འཛུགས་ལ་འཁྱེར་བདེའི་མཁའ་ཟོན་མེ་ཤུགས་འཕུར་མདེལ་མེད། ད་ཐེངས་ཨུ་རུ་སུའི་དམག་འཐབ་གནམ་གྲུ་གཏོར་ལྷུང་གཏོང་མཁན་གྱི་མེ་ཤུགས་འཕུར་མདེལ་དེ་སི་རི་ཡའི་རྒྱལ་ཁོངས་ཕྱི་ནས་མཁོ་འདོན་བྱས་པ་གསལ་པོ་ཡིན། ཨུ་རུ་སུས་མེ་ཤུགས་འཕུར་མདེལ་གྱི་ཡོངས་ཁུངས་དང་ཐལ་བསྐྱོད་སྒྲིག་འཛུགས་ལ་མེ་ཤུགས་འཕུར་མདེལ་ཇི་ལྟར་རག་མིན་ཐད་བརྟག་དཔྱད་བྱེད་པའི་དགོས་པ་ཡོད་ཅེས་གསུངས་ཡོད།