གངས་ཀྱི་མཛེས་སྡུག་སྤྲས་པའི་པེ་ཕིན་ལུང་བ།

རྩོམ་པ་པོ།   དུས་ཚོད།   2018-01-22རྩོམ་ཁུངས།    རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

          དགུན་གྱི་དུས་ཚིགས་འདིར། ལིས་རྫོང་པེ་ཕིན་ལུང་བའི་ལྗོངས་ཁུལ་ཧྲིལ་བོས་དངུལ་དཀར་གྱི་གཟབ་མཆོར་སྤྲས་ཤིང་དཀར་དུང་དུང་གི་ཁ་དོག་ཁོ་ནས་གནས་མཆོག་འདི་ཉིད་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་བསྒྱུར་ནས། ཡུལ་སྐོར་མགྲོན་པོ་མང་པོ་ཞིག་ཡིད་ཀྱི་དང་བ་རབ་ཏུ་བཀུག་འདུག

          པེ་ཕིན་ལུང་བའི་ས་ཁམས་ཁོར་ཡུག་ནི་དམིགས་བསལ་བ་ཞིག་ཡིན་སྟབས། འདི་གར་བབས་པའི་ཁ་བ་ཧ་ཅང་མཐུག་པོ་ཡིན། ཉི་ཟེར་གྱི་ཚ་གདུག་རབ་ཏུ་རྩུབ་པའི་ཉིན་ལའང་། རི་རྩེར་བབས་པའི་རབ་དཀར་ཁ་བ་ནི་སྔོ་བསང་མའི་མཐོངས་འོག་ན་མུ་ཏིག་རྡོག་པོ་ཅིག་དང་མཚུངས་པར་འོད་དུ་འཚེར་ནས་ཡོད། བྱིས་སྒྲུང་གི་འཇིག་རྟེན་དང་གཉིས་སུ་མ་མཆིས་པའི་ལྗོངས་བཀོད་སྣུམ་པོ་འདིས་ཡུལ་སྐོར་བ་དག་གི་ཡིད་སེམས་རབ་ཏུ་བཀུག་སྟེ། ཚང་མས་བྲེལ་སྟབས་ཀྱིས་པར་ཆས་དང་ཁ་པར་སོགས་ལ་བརྟེན་ནས་མིག་མདུན་གྱི་མཛེས་ལྗོངས་འདི་པར་ཁུག་ཏུ་བཅུག་ནས་ཡིད་ཀྱི་རྟེན་དུ་ཉར་བཞིན་འདུག  ཐྲིག་ཐྲིག་གི་གོམ་སྒྲ་ལ་ཉན་གྱིན། དགུན་འགོ་མའི་མཛེས་ལྗོངས་འདི་ཉམས་སུ་མྱངས་པའི་ཚེ་ན། མི་དག་རིམ་བཞིན་མཛེས་སྡུག་སྟོང་ཕྲག་གི་ཀློང་ན་རང་ཡན་གྱིས་བཟི་བར་གྱུར་འདུག

         གངས་ཤུད་ར་བའི་ནང་དུ། ཡུལ་སྐོར་བ་མང་པོ་ཞིག་གིས་ཐོག་དང་པོར་གངས་ཤུད་རྒྱག་པའི་མྱོང་བ་དངོས་སུ་མྱོང་བཞིན་ཡོད་པ་དང་། ཆེད་ལས་ཅན་གྱི་གངས་ཤུད་པ་དག་གིས་ཀྱང་རང་རང་གི་རྩལ་ཤུགས་འགྲན་སྡུར་བྱས་ཏེ། ར་སྐོར་ཧྲིལ་བོར་ཚ་ཚ་འུར་འུར་དུ་བཟོས་འདུག གངས་ཤུད་བརྒྱབ་ཚར་རྗེས། ཆུ་ཚན་ནང་དུ་ཁྲུས་ལ་རོལ་ནས་ངལ་དུབ་ཡོད་ཚད་སེལ་ཆོག་པས། ཡུལ་སྐོར་བ་དག་གིས་བརྩེ་དྲོད་འཇམ་པོ་ཞིག་གི་ཁྲོད་ན་བག་ཕེབས་ཀྱིས་ངལ་གསོས་འདུག་ལ།གངས་ཤུད་རྒྱག་པ་དང་། གངས་རྩེད་བྱེད་པ། ཆུ་ཚན་ལ་རོལ་བ། གྲོང་ཚོའི་ནང་སྡོད་པ་སོགས་ཀྱིས་པེ་ཕིན་ལུང་བའི་དགུན་གྱི་ཡུལ་སྐོར་ལ་དྲོད་ཐིག་གཞན་ཞིག་བསྩལ་འདུག 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།