མཐོང་དཀོན་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་པར།

རྩོམ་པ་པོ།   དུས་ཚོད།   2018-01-16རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ

སྤྱི་ལོ་1938ནས་1989ལོའི་བར་གྱི་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར།

པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན།(1938.2.29-1989.1.28)

            བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོའི་ཧོར་ཟླ་དང་པོའི་ཚེས་གསུམ་སྟེ། སྤྱི་ལོ1938ལོའི་ཟླ2པའི་ཚེས29ཉིན་མདོ་སྨད་ཀ་རིང་བིས་མདོ་ཁུལ་གྱི་མ་རུ་(དེང་གི་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་རྫོང་བིས་མདོ་ཞང་ངོ་མཚར་གྲོང་ཚོ)ཞེས་པར་ཡབ་བིས་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ།

        པར་གོང་མ་དེ1943ལོའི་སྟོན་ཁར་སྐུ་འབུམ་གྱི་གཟིམ་ཁང་ར་བའི་ནང་རྩེད་མོར་གཡེང་སྐབས་བསྐྱོན་ཞིང་ཁོང་གི་སྐུ་པར་སྔ་ཤོས་སུ་གྲགས། གཡས་མགོན་པོ་ཚེ་བརྟན། གཡོན་དཀར་མཛེས་ཁང་གསར་དཔོན་གྱི་བུ་ཆེ་བ།

1947ལོར། དགུང་ལོ9 སྐུ་འབུམ་བླ་མ་བློ་བཟང་རྒྱལ་མཚན་དང་ལྷན་དུ།

1949.6.3ཉིན། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ།

1949.8.10ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས།

          1951.4.28 པེ་ཅིང་ལ་ཕེབས་ལམ་ནས་ཞི་ཨན་དུ་ནུབ་བྱང་དམག་སྲིད་ཀྱི་འགོ་ཁྲིད་ཞི་ཀྲུང་ཞོན་དང་ལྷན་དུ། སྐབས་དེར་དགུང་ལོ13བཞུགས།

          1954.9.4ཉིན་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སུ་ཞུགས་པར་པེ་ཅིང་དུ་འབྱོར་ཞིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཏི་དང་ཙུང་ལི་ཀྲུའུ་ཨེན་ལི་གཉིས་ཀྱིས་བསུ་བ་བྱས།

        1956.11རྒྱ་གར་སྲིད་གཞུང་གིས་གདན་ཞུ་ལྟར་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་2500འཁོར་བའི་དྲན་གསོའི་མཛད་སྒོར་ཞུགས།

        1959.4.14ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་གཉིས་པའི་ཚོགས་ཆེན་དང་པོར་ཞུགས་པ། ཏུན་ཞའོ་ཕིན་དང་ལྷན་དུ།

1961.1ཀྲུའུ་ཨིན་ལེ་དང་ལྷན་དུ།

      1962.5པར་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ«བོད་ཀྱི་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་དེ་བཞིན་བོད་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་བདེ་སྡུག་དང་སླད་ཕྱིན་གྱི་རེ་སྒུག་དང་སྙན་ཞུ»(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།)ཞེས་པའི་ཕྱག་བྲིས་ཕུལ་བ་དང་དེའི་ནང་སྦ་གསང་མེད་པའི་ཐོག་ནས་བོད་དང་དེ་བཞིན་བོད་རིགས་ས་ཁུལ་གཞན་དག་གི་ལས་དོན་སྐོར་ལ་སྐྱོན་བརྗོད་དང་གྲོས་འགོ་བཏོན་ཡོད།

     1964ལོར་ཡིག་འབྲུ་ཁྲི་བདུན་མའི་རྐྱེན་བྱས་ཏེ་འཐབ་རྩོད་དྲག་པོ་མྱོང་དགོས་བྱུང་ཞིང་ལོ་དགུ་དང་ཟླ་བརྒྱད་ཀྱི་རིང་བཙོན་དུ་བཞུགས།

     1977.10.10ཉིན་བཙོན་གྲོལ་ཐོབ། དགུང་གྲངས38

1981ལོར་ཏུན་ཞའོ་ཕིན་དང་ལྷན་དུ།

1982ལོར་འབྲས་སྤུངས་སུ་ཕེབས་པ། ལོ18རྗེས་ནས་སླར་ཕེབས་པ།

1983ལོར་སྲས་མོ་རིག་འཛིན་དབང་མོ་འཁྲུངས་ནས་ཉིན་བརྒྱ་སོང་མཚམས། ཞི་ཀྲུང་ཞོན་བཟའ་ཟླ་དང་ལྷན་དུ།

         1987ལོའི་སྲས་མོ་རིག་འཛིན་དབང་མོ་ལོ་བཞིའི་འཁྲུངས་སྐར་ཉིན། ཡབ་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ། སྐུ་ཟླ་བདེ་ཆེན་དབང་མོའམ་ལི་ཅེ། སྲས་མོ་རིག་འཛིན་དབང་མོ། ཡོངས་འཛིན་རྒྱ་ཡག་སྤྲུལ་སྐུ་བཅས་དང་ལྷན་དུ།

            

ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་གུང་ཐང་རིན་པོ་ཆེའི་ཡབ་སྲས་དང་ལྷན་དུ། བླ་བྲང་། 

དུས་འཁོར་མཁྱེན་བརྩེ་ཚང་དང་ལྷན་དུ།

མཁན་པོ་འཇིགས་མེད་ཕུན་ཚོགས་དང་ལྷན་དུ། པེ་ཅིང་གི་ཚེམས་གདུང་མཆོད་རྟེན་མདུན།

        1980ལོ་ནས་1989ལོའི་བར་སྔ་ཕྱིར་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་རེ་རེ་བཞིན་ཞབས་ཀྱིས་བཅགས་ནས་འཚམས་གཟིགས་ཀྱིས་བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་ཟབ་མོ་གནང་ཞིང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། བོད་རིགས་ས་ཁུལ་ཁག་གི་རིག་གནས་སློབ་གསོ་ཡར་རྒྱས་ཡོང་བར་སྟོབས་ཤུགས་ཡོད་རྒུ་ཕུལ།

རི་བོ་གམ་པ་ལ་ནས་ཡར་འབྲོག་གཡུ་མཚོ་ཕྱོགས་སུ་འཁོར་ཏེ་ལྷ་བསང་ཀི་བསྭོ་གཏོང་བཞིན་པ།

ཕྱག་ལས་གནང་བཞིན་པ།

1989.1སྐབས་དེའི་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཧའོ་ཅིན་ཐའོ་སོགས་དང་ལྷན་དུ།

1989.1པར་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དུ།

        1989.1.9ཉིན་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བར་ཕེབས་ཤིང་།1989.1.27ཉིན་གྱི་དགོང་མོར་མཚན་རྒྱབ་ནས་མཇལ་ཁ་གནང་བཞིན་པ། པར་འདི་ནི་ཁོང་གི་ཆེས་མཐའ་མའི་སྐུ་པར་དུ་གྲགས།

          1989.1.28ཉིན་གྱི་སྔ་དྲོའི་ཆ་ལ་གློ་བུར་དུ་སྐུ་ལ་སྙུན་གཞི་ཕོག་སྟེ་ཕྱོགས་གང་ཐད་ནས་མྱུར་སྐྱོབ་བྱས་ཀྱང་ཕན་པ་མ་བྱུང་བར་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།


        ཁོང་གི་གསུང་རྩོམ་ལ་《སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ》དང《སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད》སོགས་པོད་གསུམ་བཞུགས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2011ལོའི་ཟླ་5པར་པར་སྐྲུན་འགྲེམ་སྤེལ་ཞུས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།