མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ལ་དཔེ་དེབ་གནང་།

རྩོམ་པ་པོ།   དུས་ཚོད།   2018-01-12རྩོམ་ཁུངས།   

           2018ལོའི་ཟླ1པོའི་ཚེས11ཉིན་གྱི་ཕྱི་དྲོར། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་མཚོ་སྔོན་ལ་བོད་ཁུལ་གྱི་ས་མིང་རྒྱ་བོད་ཤན་སྦྱར་དུ་བཀོད་པའི་དཔེ་དེབ་གནང་སྦྱིན་མཛད་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་བན་ཡུན་དང་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་བོད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཟླ་བ་ཚེ་རིང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཙུང་ཧྲིག ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བདེ་མཚོ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མཱེ་ཚེ་རིང་། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀུང་ཆི་ཏེ། དེ་མིན་ད་དུང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གསར་འགྱུར་ལྟེ་གནས། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་འབྲེལ་ཡོད་ལས་ཁུངས་དང་གཞི་རིམ་གྱི་འཐུས་ཚབ་པ་ཐེངས་འདིའི་ཚོགས་འདུར་ཞུགས།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་བན་ཡུན་གྱིས་གཏམ་བཤད་གནང་བཞིན་པ།

       ཚོགས་འདུའི་སྟེང་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཅུའུ་ཀྲང་ལིས་བན་ཡུན་གྱིས་སྤྱི་ཚོགས་མུ་མཐུད་ནས་འཕེལ་རྒྱས་འགྲོ་བ་དང་གྲོང་རྡལ་ཅན་དུ་འགྱུར་བའི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། མི་རིགས་ས་ཁུལ་དུ་ས་མིང་ཡིག་སྒྱུར་བྱེད་སྐབས་ཚད་ལྡན་མིན་པ་དང་གཅིག་གྱུར་མིན་པ་སོགས་ཀྱི་སྣང་ཚུལ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་གནས་ཚུལ་དེ་ལ་དམིགས་ནས་ལོ་འགའི་རིང་ལ་མི་རིགས་ས་ཁུལ་གྱི་ས་མིང་ཐམས་ཅད་ཚད་ལྡན་གྱི་སྒོ་ནས་ཡིག་སྒྱུར་བྱས་ཏེ་རྒྱ་བོད་ཤན་སྦྱར་གྱི་ཚུལ་དུ་དཔེ་དེབ་དཔར་སྐྲུན་བྱས་ཡོད། དཔེ་དེབ་འདི་དག་གིས་མི་རིགས་ས་ཁུལ་གྱི་ས་མིང་སོགས་ཡང་དག་པ་དང་ཚད་ལྡན་ཡིན་པ། གཅིག་གྱུར་ཡིན་པའི་ལམ་ཁ་ལེགས་པོ་ཞིག་ཏུ་བསྐྱོད་པར་ནུས་པ་མི་དམན་པ་ཐོན་ངེས་ཡིན་ལ། དེ་མིན་ད་དུང་མི་རིགས་ས་ཁུལ་གྱི་ཡིག་སྒྱུར་སྤྱིའི་ཐད་ལའང་མུ་མཐུད་ནས་སྟོབས་ཤུགས་བཏོན་ཏེ་རིག་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་འབད་པ་ལྷུར་ལེན་བྱ་ངེས་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཙུང་ཧྲིག་གིས་ཚོགས་འདུར་འགོ་འཛིན་བྱེད་བཞིན་པ།

      ཐེངས་འདིར་མཚོ་སྔོན་ལ་གནང་བའི་དཔེ་དེབ་ལ«བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»དང«མཚོ་སྔོན་སི་ཁྲོན་ཀུན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར»། «མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»བཅས་དཔེ་དེབ་གསུམ་ཡོད།

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་བོད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཟླ་བ་ཚེ་རིང་།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།