ནོར་གནག་གི་ཁུ་ལུ། མཐོ་སྒང་གི་ནོར་བུ།

ཆོས་དབྱིངས་ཡེ་ཤེས་ཀྱི་བྱང་འབྲོག་འཁེལ་འཐག་ཚད་ཡོད་ཀུང་སིའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2018-01-12རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ལོ་ན་གཞོན་དུས་དཀའ་སྡུག་བཟོད་ཐུབ་ལ། རེ་སྒུག་ལ་ཡིད་ཆེས་ཀྱང་ཟབ་དགོས། མི་སུ་ཡིན་རུང་ནར་སོན་དུས་མི་ཚེ་ཡི་གདམ་གསེས་མང་བོར་འཕྲད་པ་ནི་ཆོས་ཉིད་ཅིག་ཡིན། སློབ་ཆེན་ལས་མཐར་ཕྱིན་རྗེས། ཆོས་དབྱིངས་ཡེ་ཤེས་ཀྱི་གདམ་གསེས་ནི་ཁོའི་བཤད་ལུགས་ལྟར་ན་བྱ་གཞག་ཅིག་བསྒྲུབ་དགོས་ཅེས་པ་དེ་ཡིན། གནག་སྣུམ་གྱི་སྐྲ་ལོ་དང་ཁོད་ཡངས་བའི་ཕྲག་ཞེང་། གཟེངས་སུ་ཐོན་པའི་སྣ་གདོང་། བབ་ཆགས་ལ་བག་དང་ལྡན་པའི་སྐྱེས་པ་དེར་སྐད་ཆ་མི་མང་ལ། གཤིས་ཀ་ཡང་ཕྱི་ཡི་ཉམས་དང་འདྲ་བར་རྒྱུན་པར་ཁ་རོག་གེར་བྱ་བ་རེ་རེ་བརྩོན་པས་དང་དུ་ལེན།

         ལོ་ངོ་གཉིས་རིང་ལ་ས་བརྟག་ཡུལ་བརྟག་བྱས་ཏེ། 2015ལོར། ཁོས་བྱང་འབྲོག་ཞེས་པ་དེ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་སྟག་ལུང་སྡེ་བ་ནས་གཉེར་མགོ་བརྩམས། དེང་སང་། བྱང་འབྲོག་ཞེས་པའི་འཁེལ་འཐག་ཁེ་ལས་དེས་ཡུལ་དེ་གའི་འབྲོག་མོ་བརྒྱ་ལྷག་གསོ་སྐྱོང་བྱས་ཤིང་། རྒྱུན་པར་བྱང་ཆ་ལྡན་པའི་འབྲོག་མོ་འཁེལ་འཐག་པ་16གིས་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད། ཐོན་རྫས་རེ་རེ་གླིང་ཆེན་ཡོ་རོབ་དང་མེ་གླིང་། ལྗར་པན། ཁོ་རེ་ཡ། ཞང་ཀང་། ཨའོ་མིན། ཐའེ་ཝན་སོགས་ས་ཆར་བཙོང་བཞིན་ཡོད་པས། ཡུལ་དེར་མིང་དུ་གྲགས་པའི་ཐོན་རྫས་ཕྱི་འཚོང་གི་ཁེ་ལས་ཤིག་ཡིན།

 ཁེ་ལས་གསར་གཏོད།

        གངས་དཀར་སེམས་ལ་རྟ་མེད་ན། ཕུ་རུང་ནང་ལ་སྲབ་མི་འཛིན་ཞེས་པ་ལྟར། མཐར་ཕྱིན་ནས་ལས་རྐང་ཞིག་ནས་བྱ་བ་གཉེར་རྒྱུ་ནི་ངའི་ཡ་ཁོག་སེམས་ཀྱི་འདོད་པ་མིན་ལ། རང་ལ་དབང་བའི་བྱ་གཞག་ལ་བརྩོན་ནས་རྒྱལ་ཁ་རླབས་པོ་ཆེ་ལེན་རྒྱུ་ཡིན་ཞེས་2012ལོར་མཐར་ཕྱིན་པའི་ཆོས་དབྱིངས་ཡེ་ཤེས་ཀྱིས་རང་གི་ཁྱིམ་མི་རྣམས་ལ་བཤད་པ་ན། མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་སྔོག་འདོན་ལ་ལོ་མང་བརྩོན་པའི་ཕུ་བོ་རབ་མཆོག་ཉི་མ་གཙོས་བཟའ་མི་ཀུན་གྱིས་རྒྱབ་སྐྱོར་བྱས། ཡིན་ནའང་སྐབས་དེར་ཆོས་དབྱིངས་ཡེ་ཤེས་ལ་བྱ་གཞག་ཅི་ཞིག་གཉེར་བའི་ཁ་ཕྱོགས་ཙམ་ཡང་མེད།

     “དེང་རབས་བཟོ་ལས་དར་བའི་འགྲོས་དང་བསྟུན་ནས་མི་ལོ་བརྒྱ་ཕྲག་དུ་མར་རྒྱུན་བསྐྱངས་བའི་འབྲོག་མི་དག་གི་ཐོན་སྐྱེད་འཚོ་བའི་ལག་ཤེས་དང་ཕྱུགས་ལས་ཀྱི་སྲོལ་རྒྱུན་ཐོན་རྫས་ཉམས་པའམ་ཉམས་ཉེན་ཆེ་བའི་གནས་སུ་ལྷུང་ཡོད་དེ། དཔེར་ན་ནོར་གནག་གི་ཁུལ་ལྟ་བུ། གནའ་སྔ་མོར་ནོར་གནག་གི་ཁུལ་ཧ་ཅང་རིན་ཐང་ཆེ་ཡང་ད་ལྟ་ཉོ་སྡུད་དང་ལས་སྣོན་བྱེད་མཁན་ཤིན་ཏུ་དཀོན་ལ། ཁུལ་འཁེལ་ལག་ཤེས་ཀྱང་ཕལ་ཆེར་ཉམས་ལ་ཡོད”ཅེས་པ་ནི་ཕུ་ནུའི་བར་གྱི་རྒྱུན་སྲོལ་གྱི་ཁ་བརྡ་ཡིན། ཡིན་ནའང་། ཕྱི་རྒྱལ་དུ། དེ་ནི་ལག་ཤེས་བཟོ་ལས་ཐད་ཀྱི་འཚོལ་སྙེག་གི་ཕུགས་འདུན་ཞིག་ཡིན་པས། ཆོས་དབྱིངས་ཡེ་ཤེས་ཀྱི་ཡིད་ལ་བསམ་ཚུལ་བན་བུན་ཞིག་སྐྱེས་བྱུང་།

        དེ་ནས་མི་ལོ་གཉིས་ཀྱི་རིང་། ཧི་པའེ་དང་ཀན་སུའུ། མཚོ་སྔོན་སོགས་ཀྱི་ས་ཆར་ཆོས་དབྱིངས་ཡེ་ཤེས་སོང་ནས་བྱ་གཞག་ཅི་ཞིག་གཉེར་ན་བཟང་བར་རྒྱུས་བླངས། ཨ་རིའི་བུ་མོ་ཡེ་ཤེས་བདེ་ཆེན་གྱིས་བསང་ཆུ་རུ་མདོ་དབུས་ཁམས་གསུམ་གྱི་ཆེས་ཐོག་མའི་མཐོ་རིམ་ལག་ཤེས་ཏེ་ཁུལ་རིགས་ཐོན་རྫས་ཁེ་ལས་ཏེ་ནོར་ལྷ་ཞེས་པ་གཉེར་བཞིན་ཡོད། དེ་ལས་ཆོས་དབྱིངས་ཡེ་ཤེས་ལ་གློ་བུར་དུ་རྟོགས་པ་སད་དེ།  ཁྱུང་མཆུ་ཡང་འབྲོག་ས་ཡིན་པས་རང་ཡུལ་ནས་ཁུལ་སྡུད་ཐུབ་ཅིང་། རང་གི་སྒོ་ཁྱིམ་ནས་ལས་ཞུགས་ཐུབ་པ། དེ་ནི་རང་གི་སྙེག་པར་འདོད་པའི་ཡུན་རིང་གི་ཕུགས་བསམ་མ་ཡིན་ནམ་སྙམ།

         ཁོ་རང་ཡུལ་དུ་ལོག་ནས། ས་བརྟག་ཡུལ་བརྟག་བྱས་པ་ན། ཧུང་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་བཞི་ཡང་མེད་པའི་ཁྱུང་མཆུ་གྲོང་རྡལ་གྱི་སྟག་ལུང་སྡེ་བར་འཚོ་བ་དབུལ་ཞིང་ཕོངས་ཀྱང་བཟའ་མིར་ལྟ་སྐྱོང་དགོས་པས་ཡུལ་གཞན་དུ་ཞོར་ལས་ལ་འགྲོ་མི་ཐུབ་པའི་འབྲོག་མོ་མང་བ་ཤེས་ཤིང་། སྟག་ལུང་སྡེ་བ་ནི་ལྟོས་བཅས་སུ་མི་ཚོགས་མང་དུ་འཛོམས་པའི་འབྲོག་སྡེ་ཞིག་ཡིན། གལ་ཏེ་འབྲོག་སྡེ་འདི་རུ་བཟོ་གྲྭ་གཟུགས་ཐུབ་ན། འགྲིམ་འགྲུལ་དང་ནུས་ཁུངས་སོགས་སྟབས་བདེ་བར་མ་ཟད། ཡུལ་དེའི་འབྲོག་མོ་རྣམས་ཀྱིས་རང་གི་སྒོ་ཁ་ནས་ལས་ཞུགས་ཀྱང་བྱེད་ཐུབ། དེ་ལྟར་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་ན། 2015ལོར། འབྲོག་སྡེ་འདི་ནས་བྱང་འབྲོག་འཁེལ་འཐག་ཚད་ཡོད་ཀུང་སིའི་འཁེལ་ཁང་བཙུགས་བྱུང་།

        སྟག་ལུང་སྡེ་བར་བཙུགས་པའི་བྱང་འབྲོག་འཁེལ་འཐག་ཚད་ཡོད་ཀུང་སིའི་འཁེལ་ཁང་ནི་གྱོ་ཁང་རྙིང་བ་ཞིག་ཡིན་ལ། ཡུལ་དེའི་འབྲོག་མོ་རྣམས་ཀྱིས་ལོ་རེ་བཞིན་ནོར་གནག་གི་ཁུལ་གྱིས་སྐེ་དཀྲིས་དང་ཞྭ་མོ། ལག་ཁུག་སོགས་འཁེལ་འཐག་བྱེད་བཞིན་ཡོད་ལ། ལོ་རེར་ཐོན་སྐྱེད་རིན་གོང་སྒོར་ཁྲི་བརྒྱ་ལྷག་ལེན་པ་དང་། ཡུལ་དེའི་འབྲོག་ཁྱིམ་བཅུ་ཕྲག་དུ་མར་སྟབས་བདེ་བའི་ལས་ཞུགས་ཀྱི་གོ་སྐབས་བསྩལ་ནས་གླ་ཡོན་ལ་སྒོར་ཁྲི་60ལྷག་ཡོད།

ཁེ་ལས་གཉེར་སྐྱོང་།

          འདི་ནི་མཚོ་སྔོན་ནས་ཉོས་ཤིང་བསླད་མ་འདྲེས་པའི་ནོར་གནག་གི་ཁུལ་ཐིག་ཡིན། ངས་བལྟས་ན་ཞྭ་སླེ་བར་བལ་ལས་ཀྱང་འཚམས་པ་འདྲ་ཞེས་ཅུང་དོག་པའི་འཁེལ་ཁང་ནས་ལོ་ན་26ལོན་པའི་ཆོས་དབྱིངས་ཡེ་ཤེས་དང་འབྲོག་མོ་6གིས་བསམ་བློ་བརྗེ་རེས་ཚུལ་གྱིས་གླེང་མོལ་བྱེད་བཞིན་གདའ།

          ཁེ་ལས་གསར་གཏོད་སླ་ཡང་ཁེ་ལས་གཉེར་སྐྱོང་ཤིན་ཏུ་དཀའ་སྟེ། ཚོང་ལམ་འབྱེད་པ་དཀའ་ལ་ཚོང་རྫས་གསར་གཏོད་རྒྱུན་འཁྱོངས་དཀའ་བ་རེད། དེར་བརྟེན། ཆོས་དབྱིངས་ཡེ་ཤེས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ལག་ཤེས་བཟོ་གྲྭ་ཡི་ཆེད་མཁས་རྣམས་ཀྱི་མདུན་ནས་གདམས་ངག་དང་བསླབ་བྱ་མང་དུ་བླངས་ཤིང་། དེ་དག་གི་ཚོང་གཉེར་འདུ་ཤེས་དང་ཐོན་སྐྱེད་ཐབས་ལམ་རང་གི་གནས་ཚུལ་དངོས་ལ་འབྲེལ་ནས་ཁེ་ལས་གཉེར་སྐྱོང་གི་བགྲོད་ལམ་གསར་བ་ཞིག་བཙལ།

          སྐེ་དཀྲིས་དང་ཁུལ་ཞྭ། ལག་ཁུག བསླེས་ཞྭ་སོགས་ཀྱི་རྒྱུ་ཆ་ཚང་མ་ནོར་གནག་གི་ཁུལ་ཁོ་ན་ཡིན། ཁུལ་ནི་ནོར་གནག་གི་ལུས་ཀྱི་རྒྱུ་བ་ཆེས་འཇམ་ལ་དཀོན་པའི་རིགས་ཤིག་ཡིན་ལ། ཁུལ་ཆེས་བཟང་བོ་ནི་ཡ་རུའི་ཁུལ་ཡིན། ལོ་རེར་ཡ་རུ་རེ་ལས་ཁུལ་ཁེ་100ཡས་མས་ལས་ཐོན་མི་ཐུབ། ལོ་རེའི་དཔྱིད་དུས་སུ་ཁུལ་ལྷུང་སྐབས་འབྲེག་མི་རུང་བར་ལག་པས་རེ་རེ་བཞིན་བལ་ནས་ལེན་དགོས། སྲོལ་རྒྱུན་ལག་ཤེས་ལྟར་ཁུལ་འཁེལ་འཐག་བྱེད་པར་མ་ཟད། ཕྱི་རྒྱལ་ནས་ཆེད་ལས་ཚོགས་པ་གདན་དྲངས་ནས་ཐོན་རྫས་ཇུས་འགོད་བྱེད་དུ་བཅུག་སྟེ། ཐོན་རྫས་རེ་རེར་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད་དེང་རབས་ཀྱི་བྲིན་རྒྱ་ཆེ་བའི་ཁྱད་ཆོས་ཀྱང་ལྡན། དེ་མིན་ཇུས་འགོད་སྟབས་བདེ་ལ་ཁུལ་གྱི་རང་མདངས་ཐོན་པར་བརྩོན་བཞིན་ཡོད། ཕྱི་རྒྱལ་ནས་ཐོན་པའི་ཆེད་ལས་ཚོགས་པ་བརྒྱུད་ནས་ཕྱི་རྒྱལ་གྱི་ཚོང་ལམ་ཡངས་བོར་ཕྱེས་ཏེ་གླིང་ཆེན་ཡོ་རོབ་དང་མེ་གླིང་། ལྗར་པན། ཁོ་རེ་ཡ། ཞང་ཀང་། ཨའོ་མིན། ཐའེ་ཝན་སོགས་སུ་བཙོང་དང་འཚོང་བཞིན་ཡོད། རྒྱལ་ནང་དང་བསྡུར་ན། ཕྱི་རྒྱལ་བས་ཁུལ་གྱི་ཐོན་རྫས་ལ་དགའ་བསུ་བྱེད་པས། བདག་གི་འཁེལ་ཁང་ལ་འཐག་འཁོར་སྟབས་བདེ་གཉིས་མ་གཏོགས་འཕྲུལ་ཆས་གཞན་པ་ཅི་ཡང་མེད། སྐེ་དཀྲིས་དང་ལག་ཁུག ཞྭ་སོགས་རེ་རེ་བཞིན་ལག་ཤེས་ཁོ་ནར་བརྟེན་ནས་འཁེལ་འཐག་བྱས་པ་ཡིན་ཞེས་ཆོས་དབྱིངས་ཡེ་ཤེས་ཀྱིས་བཤད་བྱུང་།

ཁེ་ལས་ཀྱི་མ་འོངས་པ། 

          2017ལོའི་ཟླ་10བ་དང་ཟླ་11བར། ཆོས་དབྱིངས་ཡེ་ཤེས་ཀྱིས་ཐོན་རྫས་དག་ཧང་ཀྲོའུ་དང་ཉིའུ་ཡའོ་ནས་འགྲེམ་སྟོན་བྱས་ཏེ། ཁོས་སྔར་བས་ཡིད་ཆེས་ཟབ་མོ་རྙེད་ཅིང་བསམ་ཚུལ་ཡང་མང་བོ་སྐྱེས་ཡོད། རྒྱལ་ནང་གི་ཚོང་ར་ནི་ཁོའི་སྐབས་རྗེས་མའི་དམིགས་འབེན་ཡིན་ལ། བོད་མདོ་དབུས་ཁམས་གསུམ་ནས་ཚོང་ལམ་ཐོག་མར་འབྱེད་རྩིས་ཡོད། དེང་སང་བོད་ཀྱི་ན་གཞོན་རྣམས་ཀྱིས་བྲིན་རྒྱ་ཆེ་བའི་ཁྱད་ཆོས་ལྡན་པའི་ལག་ཁུག་དང་ཁུལ་ཞྭ་ལ་དགའ་བསུ་བྱེད་བཞིན་འདུག

         ང་ལ་ལས་རྒྱུ་མང་བོ་ཡོད་པ་ལས་ཆེས་གཙོ་བོ་ནི་བདག་གི་འཁེལ་ཁང་ཆུང་དྲགས་པས་ངེས་པར་དུ་ཇེ་ཆེར་གཏོང་དགོས་ཞེས་གསར་འགོད་པར་བཤད། ནོར་གནག་གི་ཁུལ་ཐོན་རྫས་ནི་འཛམ་གླིང་དུ་ཤིན་ཏུ་དཀོན་ལ། འཁེལ་འཐག་ལག་ཤེས་ནི་བྱང་འབྲོག་གི་ཁྱད་ཆོས་དང་དགེ་མཚན་གཙོ་བོ་ཡིན་པས། ཐོན་རྫས་ཐོན་ཚད་ཉུང་བས་འཁེལ་ཁང་རྒྱ་བསྐྱེད་དང་འཁེལ་འཐག་པ་མང་དུ་བསྡུ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཡིན།

         ཐོན་རྫས་མང་དུ་འཚོང་བ་དང་འཁེལ་འཐག་པ་མང་དུ་བསྡུ་བ་ནི་ཡོང་སྒོ་རྐྱང་རྐྱང་འཚོལ་བའི་ཆེད་མིན་པར། འབྲོག་པ་མང་བོ་ལས་ཀར་ཞུགས་ནས་ཁོ་དང་མཉམ་དུ་འབྱོར་ཕྱུག་གི་འཚོ་བ་རོལ་རྒྱུ་དེ་ཡིན། ཀུང་སིས་འཁེལ་འཐག་པ་དངོས་སུ་ལས་རྐང་དུ་བསྐོས་ནས་ཉིན་བཞིན་འཁེལ་ཁང་ནས་མཉམ་དུ་འཁེལ་འཐག་བྱེད་པར་མ་ཟད། གཞན་ཁྱིམ་དང་གྱེས་མི་ཐུབ་པའི་འབྲོག་མོ་ལ་ལར་ལག་རྩལ་སྦྱོང་བརྡར་བྱས་ཏེ་འཁེལ་འཐག་གི་ལས་ཀ་བཀོད་སྒྲིག་བྱས་ཡོད་ལ། རང་ཁྱིམ་ནས་གླ་ཡོན་མི་ཉུང་བ་རྙེད་ཐུབ་ཅེས་ཆོས་དབྱིངས་ཡེ་ཤེས་ཀྱིས་གསར་འགོད་པར་བཤད་བྱུང་།

         བྱང་འབྲོག་ཀུང་སི་བཙུགས་པ་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཐོན་སྐྱེད་ཚོང་གཉེར་འདུ་ཤེས་མཐའ་གཅིག་ཏུ་གཙིགས་ཆེར་བཟུང་བས་ཡུལ་དེའི་འབྲོག་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་གླུ་ལེན་བཞིན་ཡོད། ཆོས་དབྱིངས་ཡེ་ཤེས་ཀྱིས་མཐོ་སྒང་ཕྱུགས་ལས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། ཁྲིམས་འཁེལ་ངལ་གསོའི་ཉིན་ལ་ངལ་གསོ་བར་མ་ཟད། ལོ་རེར་ཕྱུགས་ལས་བྲེལ་དུས་ལ་ཉིན་20དང་སྲོལ་རྒྱུན་གྱི་ལོ་སར་ལ་ངལ་གསོ་བཞིན་ཡོད་པས། འཁེལ་འཐག་པའི་ཐོན་སྐྱེད་དང་འཚོ་བ། ཕྱུགས་ཟོག་འཚོ་སྐྱོང་སོགས་བྱ་བ་རེ་རེ་ལེགས་པར་འགྲུབ་པ་རེད།

       རིན་ཆེན་སྒྲོལ་མ་ནི་སྟག་ལུང་སྡེ་བའི་དབུལ་ཕོངས་འབྲོག་མོ་ཞིག་ཡིན་ལ། བྱང་འབྲོག་གི་འཁེལ་ཁང་དང་བར་ཐག་སྨི་200ཙམ་ལས་མེད། ཉིན་རེའི་ཞོགས་ཀར་ཉི་གཞོན་ཤར་དུས། རིན་ཆེན་སྒྲོལ་མས་ལོ་ན་བཞི་ལ་སོན་པའི་ཚ་བུ་བྱིས་པ་ཁང་དུ་བསྐྱལ་རྗེས། མོ་ལ་སེམས་ཁྲལ་ཅི་ཡང་མེད་པར་འཁེལ་ཁང་དུ་འབྱོར་ནས་འཁེལ་འཐག་བྱེད་བཞིན་ཡོད། “ང་ནི་བྱང་འབྲོག་ཏུ་ཐོན་ནས་ལོ་གཉིས་འགོར་ཡོད་ལ། ལས་རྐང་དུ་ཞུགས་པ་ཆེས་སྔ་བའི་འཁེལ་འཐག་པ་ཞིག་ཏུ་བརྩི་ཆོག ངེད་ཚང་གི་བུ་མོ་དང་མག་པས་ཡུལ་གཞན་ནས་ཞོར་ལས་བྱེད་བཞིན་ཡོད་པས་ངས་ཚ་བུ་བདག་བྱེད་དགོས། དེར་བརྟེན། ཆུ་བོའི་ཕ་རོལ་དུ་ཆགས་པའི་རྫོང་མཁར་དུའང་ཞོར་ལས་སུ་འགྲོ་མི་ཐུབ། ཡིན་ནའང་། ད་ལྟ་རང་གི་སྡེ་བར་གནས་པའི་བྱང་འབྲོག་གི་འཁེལ་ཁང་ནས་ཞོར་ལས་བྱེད་ཆོག་ལ། ཡོང་འབབ་ཀྱང་བཟང་ཀི། ལས་ཀ་འདི་ངས་གཅེས་པར་འཛིན་ཁོ་ཐག་ཡིན”ཞེས་མོས་བཤད་བྱུང་།

       ལོ་ངོ་གསུམ་རིང་གི་འཚོལ་ཞིབ་དང་ལག་ལེན་བརྒྱུད། བྱང་འབྲོག་གི་འཁེལ་འཐག་ལས་ཧུང་ཡོན་རྫོང་ལ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད་པས། ཡུལ་དེ་གའི་སྲིད་གཞུང་དང་ཁུལ་རྫོང་གི་བུད་མེད་མཉམ་འབྲེལ་ལས་ཁུངས་ཀྱིས་དམིགས་སུ་དོ་སྣང་དང་མཐོང་ཆེན་བྱས་ཏེ། སྔ་གཞུག་ཏུ་བྱང་འབྲོག་ཀུང་སིར་ཐོན་ནས་བརྟག་ཞིབ་བྱས་ཤིང་། ཁེ་ལས་སྟོབས་ལྡན་དུ་བསྒྱུར་བར་སྐུལ་སློང་བཏང་བར་མ་ཟད། ཐོན་ལས་རོགས་སྐྱོར་སྲིད་ཇུས་དང་འཚོང་ལམ་སོགས་ཕྱོགས་ཀུན་ནས་རོགས་སྐྱོར་བྱས་ཡོད། ཡིན་ནའང་། དེ་ཙམ་གྱིས་ཆོས་དབྱིངས་ཡེ་ཤེས་ཀྱི་ཡིད་མ་ཚིམས་པར་ཁེ་ལས་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་བཀོད་ཡོད།

       “སྲོལ་རྒྱུན་བླ་སྲོག་ཏུ་བཟུང་ནས་མི་རིགས་ཀྱི་འཁེལ་འཐག་ལག་རྩལ་དང་དེང་རབས་ཀྱི་ཐོན་སྐྱེད་དོ་དམ་འདུ་ཤེས་ཟུང་དུ་འབྲེལ་ཏེ། རྒྱ་ཆེ་བའི་འབྲོག་མོ་རྣམས་ལ་སྟབས་བདེ་བའི་ལས་ཞུགས་གོ་སྐབས་བསྩལ་ནས། ས་གནས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་གོང་ནས་གོང་དུ་སྤེལ་བར་རོགས་འདེགས་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་འཁུར་རྒྱུ་བཅས་ནི་བདག་གི་མཐར་ཐུག་གི་དམིགས་འབེན་ཡིན”ཞེས་པ་ནི་མཐོ་སྒང་དགུན་གཞུང་གི་ཉི་འོད་འོག ཆོས་དབྱིངས་ཡེ་ཤེས་ཀྱིས་སྟོད་ཀྱི་གངས་རི་དཀར་བོར་ལྟ་བཞིན་བློ་ཐག་ཆོད་པོས་བཞག་པའི་དམ་ཚིག་ཡིན། 

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།