དབུལ་བོ་ཉམ་ཐག

རྩོམ་པ་པོ།   ལིའེ་ཧྥུ•ཐའོ་ཨེར་སི་ཐའེ་ཡིས་བརྩམས། ཚེ་དཔག་ལྷ་མོས་བསྒྱུར།དུས་ཚོད།   2018-01-10རྩོམ་ཁུངས།   

            ཉ་པ་འཇག་མའི་སྤྱིལ་ཁང་ཞིག་ཏུ་གནས་ཤིང་། ཉ་པའི་ཆུང་མ་རན་ན་གློག་འོད་འོག་ཏུ་བསྡད་ནས་ཉ་སོགས་རྙིང་པ་ཞིག་འཚེམ་བཞིན་ཡོད། སྒོ་རའི་ནང་རླུང་སྒྲ་ཤུགས་ཀྱིས་སྒྲོགས་ལ། མཚོའི་འགྲམ་ངོགས་ཀྱི་འཚོ་བར་ངང་ངམ་ཤུགས་ཀྱིས་སྐྱོ་སྣང་ཞིག་བསྣན་ཡོང་། གནམ་གཤིས་ངན་ཞིང་གྲང་མོད། འོན་ཀྱང་ཉ་པའི་སྤྱིལ་བུར་དཔྱིད་དུས་ལྟ་བུའི་དྲོད་འཇམ་ལྡན་པ་དང་། ཐབ་ཀྱི་མེ་ད་དུང་གཟིམས་མེད།  ཉལ་གུར་དཀར་བོ་ཕུབ་པའི་མལ་ཁྲིའི་སྟེང་དུ་བྱིས་པ་ལྔ་བོ་རྒྱ་མཚོའི་རླབས་སྒྲའི་ཁྲོད་གཉིད་འདུག  རན་ནའི་ཁྱོ་ག་ཞོགས་པ་ནས་རྒྱ་མཚོར་ཞུགས་ཚར། ད་ལྟ་ད་རུང་ཕྱིར་ལོག་མེད། མོས་རྦ་རླབས་ཀྱི་སྐད་ཅོར་དང་ཤུགས་ཀྱིས་གཡུག་པའི་རླུང་སྒྲར་ཉན་བཞིན་སེམས་དེ་འདྲའི་བདེ་ལ་འབབ་ཀྱིན་མེད། ཤིང་ལས་བཟོས་པའི་བཀལ་ཅོང་ལྷོད་ཀྱིས་གྲག་བྱུང་། ད་ནི་ཏག་ཏག་དུས་ཚོད་བཅུ་གཅིག་ཏུ་གྱུར་ཀྱང་ཁྱོ་ག་ད་དུང་ཕྱིར་མ་ལོག རན་ནས་ཤུབ་བུར་ཁེར་བཤད་བརྒྱབ་བྱུང་། ཁྱོ་གས་རང་གི་ལུས་ཕུང་ལ་མི་ལྟ་བར། རྒྱུན་པར་གྲང་ངར་ལ་མི་འཛེམ་པར་རླུང་རླབས་ནང་ཉ་འཛིན་ལ། མོས་ཞོགས་པ་ནས་དགོང་མོའི་བར་བྲེལ་ན་ད་དུང་འདི་འདྲ་རེད། ཁྱིམ་ཚང་གཅིག་གི་ཁ་གསོ་ཐུབ་ཡོད་པ་ཙམ་ཡིན། ཕྲུ་གུ་ཚོར་ལྷམ་ཡང་བསྐོན་རྒྱུ་མེད་པ་དང་། དབྱར་དགུན་གང་ཡིན་ཡང་ཚང་མ་རྐང་རྗེན་དུ་འགྲོ་བཞིན་ཡོད། ཟ་མ་བག་ལེབ་དཀར་པོ་དེ་མ་ཡིན་པར་གལ་ཏེ་ནག་པོའི་ལྟོ་རྒྱག་ན་ད་ལྟ་ཡག་པོ་རེད། ཉ་ཟས་རྐྱང་རྐྱང་ལས་མེད་།  ཀྱེ་ཧུད། ཕྲུ་གུ་ཚོ་གེགས་མེད་ནད་མེད་ཡིན་པས། འཁང་ར་བྱེད་དགོས་དོན་མེད། རན་ནས་འདི་ལྟར་བསམ་བཞིན་ཡང་རྣ་བ་བླག་ནས་རླུང་འཚུབ་ཀྱི་འུར་སྒྲར་ཉན།  ཁོ་གང་ན་ཡོད་དམ། དཀོན་མཆོག་གིས་སྐྱོབ་ཅིག་ཅེས་ཁེར་ལབ་བྱས།

             ཉལ་ན་ད་དུང་སྔ་དྲགས་པས་རན་ན་ཡར་ལངས་ཏེ་མགོ་དཀྲིས་མཐུག་པོ་ཞིག་མགོར་དཀྲིས་ཤིང་ལག་སྒྲོན་བཟུང་ནས་སྒོར་བུད་དེ།  མཚོ་རླབས་ཇེ་ཆུང་དུ་སོང་འདུག་མིན་དང་།  སྒྲོན་སྟེགས་སྟེང་གི་གློག་ད་དུང་བཀར་ཡོད་མེད།  ཁྱོ་གའི་གྲུ་ཆུང་དེ་མཐོང་ཐུབ་མིན་སོགས་ལ་བལྟས་མོད།  མཚོ་སྟེང་དུ་ཅི་ཡང་མི་མཐོང་ལ་རླུང་བུ་སྔར་བཞིན་ཤུགས་ཀྱིས་གཡུག་བཞིན་ཡོད།  སྐབས་དེར་མོའི་གློ་བུར་དུ་ཁྱིམ་མཚེས་ནད་པ་དེ་ཡིད་ལ་འཁོར་ནས། ཁོ་ལ་བདག་བྱེད་མཁན་ཡོད་མེད་བསམ་བཞིན་ཕར་སོང་ནས་སྒོ་རྡུང་མོད་དྲག་འགུལ་ཅི་ཡང་མ་བྱུང་།

             ཡུགས་མོའི་གནས་བབས་དངོས་གནས་ཁག་པོ་རེད། བྱིས་པ་གཉིས་ལས་མེད་མོད་ཡོད་ཚད་རང་ཉིད་གཅིག་པུས་འགན་འཁུར་དགོས་ལ། རང་ལའང་ནད་ཡོད། ང་ནང་དུ་སོང་ནས་མོར་བལྟ་དགོས། སྒོ་ཁར་ལངས་པའི་རན་ནས་དེ་ལྟར་བསམ་བཞིན་ཡང་བསྐྱར་སྒོ་རྡུང་མོད་སྔར་བཞིན་དྲག་འགུལ་ཅི་ཡང་མ་བྱུང་ངོ་།།

             ཨེ། ཁྱིམ་མཚེས། རན་ནས་ཡང་བསྐྱར་ཐེངས་གཅིག་བོས་ནས། ཡིད་ལ་དོན་དག་ཅི་ཞིག་བྱུང་སོང་ངམ་བསམ་བཞིན། སྒོ་ཕྱེས་ནས་ནང་དུ་སོང་།

             ཤིང་ཁང་ཆུང་ཆུང་དེའི་ནང་རླན་ཤས་ཆེ་ལ་གྲང་ངར་ཡོད། རན་ནས་ལག་སྒྲོན་བཟུང་ནས་སྒོ་དང་ཁ་གཏད་དུ་ཡོད་པའི་མལ་ཁྲིའི་སྟེང་གི་ནད་པར་བལྟས་པ་ན།  ཁོ་མོ་འགུལ་ཙམ་ཡང་མི་བྱེད་པར་ཉལ་འདུག་ལ། ཕར་འགྲམ་དུ་སོང་ནས་ཞིབ་བལྟ་བྱས་ནས་ཤི་བོའི་ཉམས་དེ་བསྟན་འདུག  ཤི་ཟིན་པའི་ཨ་མའི་འགྲམ་དུ་བྱིས་པ་གཉིས་ཉལ་ནས་གཉིད་འདུག་ལ།  ཨ་མས་རང་གི་ལུས་སྟེང་གི་གོན་པ་བྱིས་པ་གཉིས་ཀྱི་སྟེང་དུ་བཀབ་འདུག

             རན་ནས་སླེའུ་ནང་གི་མགོ་དཀྲིས་བླངས་ནས་ད་དུང་གཉིད་ལས་མ་སད་པའི་བྱིས་པ་གཉིས་དེའི་ནང་དུ་བཏུམས་ནས་ཕྱིར་རང་ཁྱིམ་དུ་ལོག  མོའི་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་གྱུར་ལ། ཅི་ཞིག་ལ་འདི་ལྟར་བྱེད་དགོས་སམ། ཁོ་མོ་རང་གིས་ཀྱང་གསལ་བོ་ཤེས་ཀྱིན་མེད།

              ཕྱིར་རང་ཁྱིམ་དུ་ཐོན་དུས་བྱིས་པ་གཉིས་རང་གི་བྱིས་པའི་འགྲམ་དུ་བསྙལ་ཏེ། གཞི་ནས“ཁྱོ་ག་ཕྱིར་ལོག་དུས་ཅི་ཟེར་རམ། ང་ལ་བཅར་རམ། བྱིས་པ་འདི་དག་གི་ཁ་ཇི་ལྟར་གསོ་དགོས་སམ”སོགས་སེམས་ཁྲལ་གྱི་ཁེར་གཏམ་མང་པོ་བྱས།

             ཙིར་ཞེས་པའི་སྒྲ་དེས་མི་ཞིག་ནང་དུ་ཐོན་པ་ལྟར་བྱས་པས། རན་ན་འདར་བཞིན་མྱུར་དུ་འདུག་སྟེགས་ནས་ཡར་ལངས།

             “མེད་གི ། མི་མེད་གི ། གནམ་རྒན་མ། ངས་བྱ་བ་འདི་འདྲ་ཇི་ལྟར་བསྒྲུབ་པ་རེད། ད་ཅི་བྱ།  ཁྱོ་ག་ཐོན་དུས་ཇི་ལྟར་བྱ།”རན་ན་སེམས་ཁྲལ་ཆེན་པོས་མལ་ཁྲིའི་འགྲམ་དུ་ཁ་རོག་གེར་ཡུན་རིང་བསྡད།

             ཆར་བ་འབབ་མཚམས་བཞག་ལ། ནམ་ལངས། འོན་ཀྱང་རླུང་བུས་སྔར་བཞིན་ཤུགས་སྒྲ་དང་མཚོ་ཡིས་སྔར་ལྟར་ངར་སྐད་སྒྲོག་བཞིན་འདུག

            གློ་བུར་སྒོ་མོ་ཕྱེས་བྱུང་། མཚོ་སྟེང་གི་མཁའ་དབུགས་གསར་བ་ཞིག་ནང་དུ་མཆེད་ཡོང་བ་དང་མཉམ་དུ། ལུས་བང་ཆེ་ལ་གདོང་མདོག་ནག་པའི་ཉ་བ་དེ་ནང་དུ་འཛུལ་ནས། “རན་ན། ང་ཕྱིར་ཐོན་འདུག” “ ཨོ། ཁྱོད་ཡིན་ནམ།” མགོ་བོ་ཡར་འདེགས་མ་ཕོད།

           “ཧེ། མུན་ནག་གི །ཤིན་ཏུ་འཇིགས་པོ་ཞིག་རེད། ”

            “རེད། གནམ་གཤིས་ངན་གི ། ཉ་དུ་བཟུང་ཡོད།”

          “ཉ་རྒྱ་རལ་ཐ།  ཅི་ཡང་བཟུང་མ་ཐུབ། གནས་ཚུལ་ངན་པ། ངས་ཁྱོད་བཤད། འདི་འདྲའི་གནམ་གཤིས་ངན་པ་ཞིག ང་ད་སྔ་དེ་འདྲའི་མུན་ནག་ལ་འཕྲད་མ་མྱོང་། ཉ་འཛིན་རྒྱུ་ཕར་ཞོག གསོན་པོ་ཕྱིར་ཡོང་ཐུབ་པ་བཟང་སོང་། དེ་མིན། ང་ཡུལ་དུ་མེད་དུས་ཁྱོས་ཅི་བྱས་སོང་།”ཉ་པས་ཉ་རྒྱ་ཁང་ནང་དུ་དྲུད་ནས། མེ་ཐབ་ཀྱི་འགྲམ་དུ་བསྡད།

           “ང།  ”རན་ནས་ངོ་གདོང་སྐྱ་བོར་གྱུར་ནས། “ངས་ཅི་བྱས་སོང་། ངས་ཁྱིམ་ནས་བཟོ་འཚེམས་བྱས་པ་ཡིན། ངས་ཁྱེད་ལ་དངོས་གནས་སེམས་འཁུར་བྱས་པ་ཡིན།”

           ཁྱོ་གས་སྐད་དམའ་མོས“བདེན་གི །  བདེན་གི །” “གནམ་གཤིས་འདི་འདྲའི་ངན་གི །ཐབས་གཞན་མེད་གི །” ཅེས་ཁྱོ་ཤུག་གཉིས་རེ་ཞིག་ལ་འཇམ་ཅག་གེར་ལུས།

           རན་ནས། “ཁྱེད་ཀྱིས་ཨེ་ཤེས། ཁྱིམ་མཚེས་ཤི་སོང་།”

           “ངོ་མ་ཨེ་ཡིན།”

           “ནམ་ཤི་གསལ་བོ་མི་ཤེས། ཕལ་ཆེར་ཁ་སང་ཡིན་རྒྱུ་རེད།  ཤི་སྟངས་ཡ་ང་བ་ཞིག བྱིས་པ་གཉིས་ནི་གཅིག་གིས་སྐད་ཆ་བཤད་ཤེས་པ་ཙམ། གཅིག་ད་དུང་དེ་ལས་ཆུང་རེད། ”

           རན་ན་ཁ་རོག་གེར་བསྡད་ལ། ཁྱོ་གའི་སྨིན་མ་བསྡུས་ནས་ངོ་མདོག་གཟབ་ནན་དུ་གྱུར་ནས།“རེད་ཡ། འདི་དོན་དག་ཅིག་རེད།  ཁྱེད་སོང་ནས་བྱིས་པ་གཉིས་ཁུར་ཤོག བྱིས་པ་གཉིས་ཤི་བོ་དང་མཉམ་དུ་འཚོ་བ་ཇི་ལྟར་རོལ།”

          རན་ན་འགུལ་ཙམ་ཡང་མ་བྱས།

        “རན་ན། ཁྱེད་ལ་ཅི་བྱས་སོང་། མི་འཐད་པ་ཡིན་ནམ།  ”

         རན་ནས“ཁོ་གཉིས་འདི་ན་ཡོད། ” ཅེས་ད་གཟོད་དལ་མོའི་ངང་ཉལ་གུར་ཁར་ཕྱེས་པ་རེད།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།