རྒས་ཉམས་ཤར་བའི་མཚོ་སྔོན་པོ།

རྩོམ་པ་པོ།   ཆུ་སྐྱེས་གཙུག་ཏོར།དུས་ཚོད།   2018-01-10རྩོམ་ཁུངས།   

             ང་རང་གཏམ་རྒྱུད་ལ་ཉན་པར་སྤྲོ་ཞིང་། གཏམ་རྒྱུད་ཀྱི་འགྱུར་ཁུགས་ལས་འཚར་ལོངས་བྱུང་བས། ངས་གཏམ་རྒྱུད་ཀྱི་ཁྲོད་ནས་འདས་སོང་གི་གཟི་བྱིན་དག་མཐོང་མྱོང་མོད། དེ་དག་ལས་ཀྱང་ཁྱེད་ཀྱི་བླ་ན་མེད་པའི་ལོ་རྒྱུས་ཀྱི་རི་མོར་མཇལ་མྱོང་།གོ་ཐོས་སུ། མེས་པོ་བློ་གྲོས་ཅན་ཞིག་གིས་ས་ཆེན་པོ་སྟོབས་ཀྱིས་བཏེགས་ཤིང་བོད་བཙན་པོའི་མངའ་ཐང་བསྐྱེད་མྱོང་ཟེར། ཁྲིམས་བཙན་པོའི་ཨ་ལོང་བརྡུང་ཞིང་དགྲ་ནག་པོ་ཆམ་ལ་ཕབ་མྱོང་སྐད། སྨད་ཀྱི་དཔལ་ཡོན་སྟོད་ལ་བསུས་ཤིང་སྟོད་ཀྱི་སེང་གེར་གཤོག་པ་བཙུགས་མྱོང་ཟེར། ཁོང་ཉིད་བཞུད་ཁར། བློ་གྲོས་ཀྱི་དྭངས་མ་མཚོན་པའི་གཡུ་ཡི་གཞོང་བ་ཞིག བོད་མགོ་ནག་གི་རྟེན་སྐལ་དུ་བཞག་མྱོང་། དེ་ནི་གཞན་མ་ཡིན་པར་གནམ་སྔོན་ས་ལ་ལྷུང་འདྲའི་གཡུ་མཚོ་ཁྲི་གཤོག་རྒྱལ་མོ་སྟེ།བློན་ཆེན་པོ་ཞིག་གི་ཤེས་རབ་ལས་འཁྲུངས་པའི་དྲི་མེད་ཀྱི་བདུད་རྩིའི་ཐིགས་པ་ཞིག

            ཨེ་མ།   ཁྲི་གཤོག་རྒྱལ་མོ།  འདི་ནི་ཁྱེད་དང་ང་ཡི་མཇལ་འཛོམས་དང་བོ་སྟེ། ཨ་ཕའི་གཏམ་རྒྱུད་ལས་འཕྲད་པའི་ལོ་རྒྱུས་ཡིན།

     ༢

             ལོ་དང་ཟླ་བའི་འཁོར་འགྲོས་ཀྱི་ལམ་འཕྲང་བར་ནས། ང་དང་སྙན་ངག་གི་འདུན་པ་གཅིག་ལ་འདྲེས་མྱོང་། སྐབས་དེ་དུས་སུ། ངས་རྩོམ་རིག་གི་ཁང་བཟང་དང་སྙན་ངག་གི་ཕོ་བྲང་ནས་ཁྱེད་ཀྱི་མཚར་སྡུག་མཐོང་བྱུང་།མ་གཞིར་ཁྱེད་ནི་བཙན་པོའི་སྟོབས་ཀྱིས་བཀབ་པའི་ས་གཞི་དང་། བློན་ཆེན་པོས་རིག་པས་བཏེགས་པའི་རྒྱལ་མཚན། ཆོས་ཀྱི་ཉིང་ཁུ་བཞུས་པའི་བདུད་རྩི་དང་། སྲིད་ཀྱི་འཕེལ་འགྲིབ་གསལ་བའི་མེ་ལོང་ཡིན་པར་མ་ཟད། ད་དུང་ཨ་ཕའི་གདོང་ལ་བབས་པའི་གཉེར་མ་དང་ཨ་མའི་ཕྱག་ཏུ་མཛེས་པའི་ཕྲེང་བ་ཡང་ཅི་ལ་མིན། ཁྱེད་ཀྱིས་རུམ་ཡོད་པ་ནི་མི་རིགས་ཤིག་གི་རྣམ་ཤེས་དང། ཁྱེད་ཀྱིས་མཚོན་ཡོད་པ་ནི་མི་རབས་ཤིག་གི་དཔའ་སྤོབས་ཡིན། ཁྲི་གཤོག་རྒྱལ་མོ། རིག་པའི་དཔའ་བོ་སྟོང་གི་སྨྱུག་རྩེ་ན་ཏིག་ཏིག་ཏུ་ཐུགས་པའི་སྣག་ཚ་དེ་ཁྱོད་ཡིན་ལ། རྒོད་པོའི་རུ་དཔུང་འབུམ་གྱི་ཤ་གསེང་ན་ལྷང་ལྷུང་བཞུར་པའི་ཁྲག་དམར་དེ་ཡང་ཁྱོད་ཡིན། མདོར་ན། ཁ་བ་ཅན་འདིའི་ཡ་ཆུང་ལ་སྦྲུམས་པའི་བླ་མཚོ་དྭངས་མོ་དེ་ཁྱོད་ཡིན་འདུག

             ཀྱེ་ཀྱེ། བདག་གི་བླ་མཚོ །  འདི་ནི་ཁྱེད་དང་ང་ཡི་མཇལ་འཛོམས་གཉིས་པ་སྟེ། གསེར་གྱི་གླེགས་བམ་ནས་བགྲོ་བའི་སེམས་གཏམ་དྲོན་མོ་དེ་ཡིན།

             རེད་ལགས།ཁྱེད་དང་ང་ནི་འདི་ལྟར་འདྲེས་ཤིང་འགྲོགས་པས།འུ་གཉིས་བར་གྱི་བརྩེ་བ་དེའང་སུ་ཞིག་གིས་རྟོགས་པར་ནུས་ཨང་།གངས་དཀར་བོ་ཕ་དང་མཚོ་སྔོན་པོ་མ་རུ་བསྒོམ་པའི་ངས།རང་ཉིད་ཀྱི་དགའ་སྐྱོ་ཡོད་ཚད་སྐྱི་བསེར་རླུང་ལ་བཅོལ་ནས།ཁྱེད་ཀྱི་གཡོ་ཞིང་འཕྱོ་བའི་རླབས་ཕྲེང་དང་ལྷན་དུ་ཀི་རྒྱངས་བྱས་མྱོང་ལ།སྡུག་བསྔལ་དང་ཁོང་ཁྲོ་ཡོད་ཚད་སྟོབས་ཤུགས་སུ་བསྒྱུར་ཏེ།ཁྱེད་ཀྱི་གཡུ་མདོག་འཁྱིལ་བའི་རུམ་ཁ་ནས་མཆོང་ལྡིང་ཡང་བྱས་མྱོང་།དགའ་ན་གླུ་ཡི་མཆོད་པ་འབུལ་མྱོང་ལ་སྐྱོ་ན་སྡུག་གི་ངུ་འབོད་ཀྱང་བྱས་མྱོང་།འདི་དག་ཡོད་ཚད་ནི་དུངས་ཞེན་དང་བརྩེ་བའི་དབང་གིས་ཡིན་ལ།ངས་ཕྱི་ནང་གསང་གསུམ་ཁྱེད་ལ་བཅོལ་ཡོད་པས་ཀྱང་ཡིན། གང་ལྟར།  སྐབས་དེ་དུས།ཁྱེད་ནི་དགའ་དུས་ཀི་རྒྱངས་བྱེད་ས་དང་།སྡུག་དུས་ངུ་རྒྱངས་བྱེད་སའི་རང་དབང་གི་ཕ་ཁྱིམ་ཞིག་ཡིན་ལ།ལུས་དང་སེམས་པ་བཅོལ་སའི་དག་གཙང་གི་ཞིང་བཀོད་དེ་ཡང་ཅི་ལ་མིན།

                 ཤ་ལའི་ཉག་ཁ་ནས་ཁྱེད་ལ་རྒྱང་བལྟ་ཞིག་བྱེད་དུས། ཁྱེད་ཀྱིས་སྨུག་སྤྲིན་གྱིས་མགོ་བོ་བཏུམས་ནས། ང་ལ་ཞལ་ངོ་མི་སྟོན་པ་གང་གིས་ལན། ངས་གུས་ཕྱག་གི་མཆོད་པ་ཕུལ་ནས་ཁྱེད་དང་ཉེ་བར་བཅར་དུས། ཁྱེད་ཀྱིས་རང་ཉིད་པར་ཆས་ཁུར་མཁན་དག་གི་གློ་ཁུག་ཏུ་བཅུག་ནས།ང་ལ་འཛུམ་མདངས་མི་སྟོན་པ་གང་གིས་ལན། ངས་དཀར་གསུམ་འོ་མའི་མཆོད་གསུམ་འཕངས་ནས། སེམས་ཀྱི་སྨོན་པ་མཐའ་དག་དབྱངས་སུ་གྱེར་དུས། ཁྱེད་ཀྱིས་ང་ལ་ཨ་ལན་ཞིག་ཀྱང་མི་གནང་བ་གང་གིས་ལན། ཨོ། མ་གཞིར། མི་ཚོགས་ཀྱི་འཚང་ཁ་དང་།འཕྲུལ་འཁོར་གྱི་ཆོམ་སྒྲས་ཁྱེད་ཀྱི་ངོ་གདོང་དང་ཚེ་སྲོག་ལ་བདག་པོ་རྒྱབ་ཚར་འདུག དེ་བས། ཁྱེད་ནི་བྱིས་པ་བསམ་མེད་བཞིན་ཟིང་ཟིང་ལ་ཆགས་འདུག  ལུ་གུ་མགོ་འཁོར་ཞིག་དང་མཚུངས་པར་ཁྲོམ་སྲང་ན་འཐོམ་འདུག ཨ་ཨ།  ངའི་བླ་མཚོ་སྔོན་མོ་ཡ།ཁྱེད་རང་རྒས་བཞིན་པ་ངས་སྔ་མོ་ནས་གོ་མོད།ཁྱེད་རང་རྒས་པ་འདི་ལྟར་མགྱོགས་པ་ངའི་ཡིད་ལའང་མ་ཤར། ཁྱོད་ལ་དྲན་སྐུལ་བྱ་ཆེད། རིགས་ཀྱི་གཅེས་ཕྲུག་ཅིག་གི་ཚེ་སྲོག་ཀྱང་ཁྱེད་ཀྱི་ཁ་དོག་ལ་འཐིམས་སོང་། ཀྱེ་ཀྱེ། བོད་མགོ་ནག་གི་བླ་མཚོ་སྔོན་པོ། ཁྱེད་ནི་བྲང་ཁོག་ཡངས་པའི་མི་རིགས་ཤིག་གི་དར་ཆ་ཡིན། མེ་ལོང་ཡིན། རེ་བ་ཡིན། དཔའ་སྤོབས་ཀྱང་ཡིན་པས།ཁྱེད་ཀྱི་དྭངས་ཤ་འཁྱིལ་བའི་ལང་ཚོ་ལ་འགྱུར་བ་མེད་པར་སྨོན།ཁྱེད་ཀྱི་ཚ་དྲོད་འབར་བའི་རླབས་ཤུགས་ལ་འཇགས་པ་མེད་པར་ཤོག  བླ་མཚོ་སྔོན་མོ་ཡ། ཨ་ཁྲི་གཤོག་རྒྱལ་མོ།།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།