ལོ་ཉི་ཤུའི་རྗེས་སུ།

རྩོམ་པ་པོ།   [ཨ་མེ་རི་ཁ] ཨོ·ཧེན་རེ་ཡིས་བརྩམས། འབལ་དཀར་ནག་གིས་བསྒྱུར།དུས་ཚོད།   2018-01-10རྩོམ་ཁུངས།   

          ཉེན་རྟོག་པ་ཞིག་གིས་རྫིག་ཉམས་དང་བཅས་ཏེ་རྒྱ་ལམ་དེད་ནས་ལྟ་རྟོག་བྱས། ཁོའི་རྫིག་ཉམས་དེ་ནི་གོམས་གཤིས་ཤིག་ཡིན་པ་ལས་ངོ་སོ་ཞིག་ཡིན་མི་སྲིད་དེ། ད་ནི་དགུང་མོའི་ཆུ་ཚོད་བཅུ་ཐམ་པར་ཐོན་ལ་ཉེ། འཁྱགས་རླུང་ཞིག་ལྡང་བ་ལས་ཆར་འབབ་པ་འདྲ་བས། སྲང་ལམ་གྱི་མི་མང་ཤོས་གར་སོང་མ་ཤེས།

          ཉེན་རྟོག་པ་དེ་ནི་མི་སྟོབས་ཆེན་ཟིལ་རྔམ་ཅན་ཞིག་རེད། ཁོས་ཉེན་རྟོག་པའི་དབྱུག་པ་དེ་ལག་ནས་སྐོར་ཞོར་དུ་སྒོ་ཁྱིམ་རེ་རེར་ཉུལ་ཏེ་མིག་སོ་བྱས་ཤིང་།སྐབས་སྐབས་ལ་ཁོས་ལྷིང་འཇགས་ཀྱི་རྒྱ་ལམ་ལ་གཟབ་ནན་གྱིས་ལྟ་བའི་ངང་ཚུལ་དེ་ལས་ཁོ་ནི་ཞི་བདེ་སྲུང་བའི་ལྷ་གང་ཞིག་དང་ཤིན་ཏུ་འདྲ། ལམ་རྒྱུད་འདིར་ནུབ་ཁྲོམ་མང་པོ་མེད་པས། མཚམས་མཚམས་ལ་ཐ་མག་ཚོང་ཁང་དང་ནུབ་ཟས་བཙོང་བའི་ཚོང་ཁང་ཁ་ཤས་ཀྱི་གློག་འོད་མིག་ལ་ཕོག་པ་ལས། དེ་ལས་གཞན་པའི་ཚོང་ཁང་ཆེན་པོ་མང་ཤོས་ཀྱི་སྒོ་དམ་པོར་གཏན་ནས་གདའ།

         ཉེན་རྟོག་པས་ལྟ་རྟོག་བྱེད་ཞོར་སྲང་རྒྱུད་ཅིག་གི་དཀྱིལ་དབུས་སུ་སླེབས་ལ་ཉེ་དུས། གློ་བུར་དུ་གོམ་པའི་འདེགས་འཇོག་ཇེ་དལ་དུ་བཏང་། ཧ་ཅང་མུན་ནག་འཐིབ་ཡོད་པའི་ལྕགས་རིགས་ཚོང་ཁང་གི་སྒོ་འགྲམ་དུ་མི་ཞིག་གྱང་ལ་བསྙེས་ནས་ལངས་ཤིང་།ཁ་ཤའི་བར་ལ་མེར་སྒྲོན་མེད་པའི་ཐ་མག་སེ་གཱ་ཞིག་བཙིར་ཞིང་། ཉེན་རྟོག་པ་ཁོའི་ཟུར་ལ་འགྲོ་དུས། ཁོས་འཚབ་མ་དངང་གིས།

        “ ཉེན་རྟོག་པ། དོན་དག་ཅང་མེད། ” ཁོས་ཉེན་རྟོག་པའི་སེམས་བདེ་བར་སྨྲས་ཤིང་། “ ངས་འདི་རུ་གྲོགས་པོ་ཞིག་ལ་བསྒུགས་ཡོད། དེ་ནི་ད་དུང་ལོ་ཉི་ཤུའི་སྔོན་ལ་བཞག་པའི་དུས་ཆད་ཅིག་ཡིན།ཉན་ན་དགོད་བྲོ་བ་ཞིག་ཨེ་རེད། མ་རེད་དམ། ཁྱོད་ཀྱི་སེམས་མི་བདེ་ན་ངས་ཁྱོད་ལ་འགྲེལ་བ་གསལ་བོ་ཞིག་བྱས་ཆོག ཕལ་ཆེར་དུས་ཡུན་དེ་འདྲ་ཞིག་གི་ཡར་སྔོན་ལ། ཚོང་ཁང་འདི་ཡོད་སའི་གནས་འདི་ནི་ཟ་ཁང་ཞིག་ཡིན། ཏར་ཇོ·པོ་ལེ་ཏི་ཟ་ཁང་ཟེར།”ཞེས་སྨྲས།

         ཉེན་རྟོག་པས  “ ལོ་ལྔའི་ཡར་སྔོན་ལ”ཞེས “ དེ་བཤིག་སོང ” ཟེར།

         སྒོ་མདུན་དུ་ལངས་ཡོད་པའི་མི་དེས་འབར་ཞུན་རྐང་གཅིག་གིས་ཐ་མག་ལ་མེ་བསྒྲོན་ཞིང་། འོད་འོག་དེ་ལས་ཁོའི་མ་ནེ་གྲུ་བཞི་ཅན་གྱི་ངོ་གདོང་དང་།མིག་འོད་ཆེམ་ཆེམ། སྨིན་མ་གཡས་མའི་མར་སྣེ་རུ་རྨ་ཤུལ་དཀར་པོ་ཞིག་ཡོད་པ་མཐོང་ལམ་དུ་མངོན་པ་དང་། ཁོའི་གོང་དཀྲིས་ཁབ་སྒྲོག་ནི་རྡོ་རྗེ་ཕ་ལམ་རྡོག་རྡོག་ཆེན་པོ་ཞིག་ཡིན་ཞིང་ཕྲ་བཏབ་པ་མཚར་པོ་ཞིག་རེད།

        “ ལོ་ཉི་ཤུའི་སྔོན་གྱི་དགོང་མོ་འདི་ལ‘མི་དེས’ང་དང་རྗེམ·ཝེར་སི་གཉིས་ཀྱིས་ཏར་ཇོ·པོ་ལེ་ཏི་ཟ་ཁང་ནང་དུ་ཟ་མ་ཟོས་པ་ཡིན། ཁོ་ནི་ངའི་གྲོགས་པོ་བཟང་པོ་ཡིན་པར་མ་ཟད། འཇིག་རྟེན་འདིའི་མི་ཆེས་བཟང་པོ་ཡིན། ང་དང་ཁོ་གཉིས་ནི་རང་གི་ས་ཆ་ནིག་ཡོལ་དུ་འཚར་ལོངས་བྱུང་ཞིང་། སྤུན་འདྲ་འདྲ་ཞིག་ཡིན། ང་ལོ་བཅོ་བརྒྱད། རྗེམ་ལོ་ཉི་ཤུ་ཡིན། ཉིན་གཉིས་པར་ང་རང་ནུབ་རྒྱུད་དུ་ཁྱིམ་གཞིས་ཀྱི་བྱ་གཞག་བསྒྲུབ་པར་འགྲོ་དགོས་ཡོད། ཁྱོད་ཀྱིས་ནིག་ཡོལ་ནས་རྗེམ་འཁྲིད་ཐབས་མེད་དེ། ཁོས་འདི་ནི་འཇིག་རྟེན་གྱི་ས་ཆ་ཆེས་བཟང་པོ་རེད་སྙམ་བཞིན་ཡོད། དགོང་མོ་དེར། ངེད་གཉིས་ཀྱིས་དུས་ཆད་བཞག ལོ་ཉི་ཤུའི་རྗེས་ཏེ། དེ་རིང་གི་དུས་འདིར། ངེད་གཉིས་ཀྱི་གནས་ཚུལ་ཅི་འདྲ་ཡིན་རུང་།ས་ཐག་ཅི་འདྲ་རིང་རུང་། ངེད་གཉིས་འདི་རུ་ཐུག་རྒྱུ་བྱས་ཡོད། ངེད་གཉིས་ཀྱི་སེམས་སུ་ལོ་ཉི་ཤུའི་དུས་ཡུན་ལས་ང་ཚོ་མི་ཚང་མའི་ལས་སྐལ་ཇི་འདྲ་ཡིན་པ་ཐག་ཆོད་ཡོད་བསམ། མདུན་ལམ་ཅི་འདྲ་ཞིག་ཡིན་རུང་། ཁྱིམ་གཞིས་ཡོད་ངེས་བསམ”ཞེས་ཟེར།

          ཉེན་རྟོག་པས “ ཉན་ཚེ་བདེ་མོ་འདྲ་རེད ”ཟེར་ཞིང“འོན་ཀྱང་། ངས་བལྟས་ཚེ། ལྷན་འཛོམས་འབྱུང་བའི་དུས་ཡུན་རིང་དྲག་པ་འདྲ། ཁྱོད་གཉིས་ཁ་བྲལ་རྗེས་ཁྱོད་ལ་གྲོགས་པོའི་འཕྲིན་ཡིག་མ་འབྱོར་རམ།”ཞེས་ཟེར།

          ཁོས “ འོ་རེད། དུས་ཡུན་ངེས་ཅན་ཞིག་ལ་འཕྲིན་བསྐུར་རེས་བྱས་པ་ཡིན”ཞེས་སྨྲས་ཤིང་།“ ཡིན་ནའང་། ལོ་གཅིག་གཉིས་ཤིག་གི་རྗེས་ནས་བཟུང་ངེད་གཉིས་ས་ཆ་གང་ལ་སོང་བ་མ་ཤེས། ནུབ་རྒྱུད་ཀྱི་ས་ཤིན་ཏུ་ཡངས་པ་ངས་ཤེས་ཡོད། ང་ས་རྒྱུད་དེ་རུ་བྲེལ་བ་ཤིན་ཏུ་ཆེ། དོན་དག་མང་པོ་བསྒྲུབས། དེ་ཡིན་རུང་རྗེམ་ད་དུང་ཤི་མེད་ན་འདིར་ཡོང་ནས་ང་དང་ཐུག་པ་ངས་ཤེས། ཁོས་དེ་བརྗེད་མི་སྲིད། ང་ས་དབྱིན་ལེ་སྟོང་གཅིག་ལྷག་ལ་སོང་ནས་དེ་རིང་ད་སྒོ་འདིར་ལངས་པ་ཡིན། ངའི་རོགས་པ་བཟང་པོ་དེ་ཐོན་བཏང་ན་ངའི་འདིར་རིན་ཐང་ཡོད་སོང་བ་རེད”ཅེས་སྨྲས།

          རེ་སྒུག་ངང་གནས་པའི་མི་དེས་རུམ་ནས་ཆུ་ཚོད་ཡིད་དུ་འོང་བ་ཞིག་ཕྱིར་བླངས་ཤིང་། ཕྱི་ལེབ་ལ་རྡོ་རྗེ་ཕ་ལམ་གྱི་ཕྲ་བཏབ་འདུག

          ཁོས “ དུས་ཚོད་བཅུ་ལ་སྐར་མ་གསུམ་ཆད”ཅེས་ཟེར་བ་དང “ ཉིན་དེར་ངེད་གཉིས་ཟ་ཁང་གི་སྒོ་ནས་བྲལ་དུས་དུས་ཚོད་བཅུ་ཏག་ཏག་ཡིན”ཟེར།

          “ ནུབ་རྒྱུད་དུ་ཁྱོད་ཀྱི་བྱ་གཞག་ཤིན་ཏུ་ཡག་གམ།”ཉེན་རྟོག་པས་དྲིས།

         “ ཁྱོད་ཀྱིས་བཤད་པ་འགྲིག ངས་རྗེམ་ནི་ངའི་ཕྱེད་ཀ་ཙམ་ལ་དོ་ཐུབ་པའི་རེ་བ་འཛིན། ཁོ་ནི་མི་ཤིན་ཏུ་སྡུག་རུས་ཅན་ཞིག་ཡིན། ངོ་མ་མི་བཟང་པོ་ཞིག་ཡིན། ངས་མི་ངར་བ་ཏག་ཏག་ལ་འགྲན་བཙུགས་ནས་ད་གཟོད་རྒྱུ་ཐོག་ལ་བརྒྱབ་པ་ཡིན།ནིག་ཡོལ་དུ་མི་ཁེར་མོས་ཁྲིམས་སྲུང་ལུགས་སྲུང་བྱས་ཏེ་འཚོ་བ་སྐྱིད་པོ་ཞིག་རོལ་ཆོག་ཆོག་ཡིན།ནུབ་རྒྱུད་ལ་མཚོན་ན་ཧ་ཅང་ཛ་དྲག་ཡིན། དངངས་སྐྲག་གི་ངང་ནས་ཉི་མ་འཁྱོལ་ཐབས་མེད།”

          ཉེན་རྟོག་པས་དབྱུག་པ་གཡུག་སྐོར་ཞིག་བྱས་ཏེ་ཕྱི་ནུར་བྱས་ཤིང་།

          “ང་ད་འགྲོ་དགོས། ཁྱོད་ཀྱི་གྲོགས་པོ་དུས་ཐོག་ཏུ་སླེབས་པའི་སྨོན་ལམ། ཁོ་དུས་ཐོག་ཏུ་ཡོང་སྲིད་དམ”ཟེར།

          མི་དེས“བཤད་ནས་མི་ཤེས། ངས་མ་མཐའ་ཡང་དུས་ཚོད་ཕྱེད་ཀ་ཞིག་ལ་སྒུག་ངེས་རེད། རྗེམ་ད་དུང་གསོན་ཐོག་ཏུ་ཡོད་ན་ཡོང་ངེས་ཡིན། ཡ། བདེ་མོ། ཉེན་རྟོག་པ། ”

          ཉེན་རྟོག་པས“གཟིམ་ས་བདེ། སྐུ་ཞབས”ཞེས་བཤད་དེ་མུ་མཐུད་དུ་ལམ་རྟོག་ཏུ་སོང་། སྒོ་འགྲམ་རེ་རེ་ལ་མིག་སོ་བྱས།

          དུས་དེར། ཆར་ཟིམ་ཟིམ་ཞིག་འབབ་བཞིན་ཡོད་པ་དང་། རླུང་གི་མཚམས་མི་འཇོག་པར་གཡུག་སྐོར་ བྱེད་བཞིན་མཆིས། ལམ་འགྲོ་བ་ཁ་ཤས་ཡོད་པ་དེ་དག་ལ་གྲགས་རྒྱུ་ཅི་ཡང་མེད་པར་ཡིད་རྨུགས་པའི་སྒོ་ནས་ལམ་ལ་བསྙེགས་ཤིང་། གོང་བ་མཐོན་

པོར་བསླངས་ཤིང་ལག་པ་ཁུག་མར་བཅུག་ཡོད།ལྕགས་རིགས་ཚོང་ཁང་གི་སྒོ་འགྲམ་དུ་ལངས་པའི་མི་དེ་དབྱིན་ལེ་སྟོང་ལྷག་ལ་སོང་ཞིང་། ལོ་ཆུང་དུས་ཀྱི་གྲོགས་པོ་ཞིག་ལ་ངོ་ཐུག་པའི་དུས་ཆད་དེ་ནི་མ་གཞི་ནས་ཡིད་རྟོན་རུང་བའི་བྱ་བ་ཞིག་མིན་ཕྱིན། ཐ་མག་རྔུབ་ཞོར་སྒུག་ཞོར་བྱེད་རྒྱུ་ལས་ཅི་ཡང་མ་ཆུད།

         ཁོས་ངང་སྒུག་བྱས་ནས་ཧ་ལམ་སྐར་མ་ཉི་ཤུ་ཡས་མས་འགོར་དུས། མི་གཟུགས་རིང་ཕྱི་ལྭ་རིང་བོ་གྱོན་མཁན་ཞིག་གིས་གོན་པའི་གོང་བ་རྣ་འགྲམ་ལ་བསློགས་ཤིང་། བྲེལ་བྲེལ་འཚབ་འཚུབ་ངང་རྒྱ་ལམ་འཕྲེད་ཀྱིས་བཅད་དེ་ཐད་ཀར་རེ་སྒུག་ངང་ཡོད་པའི་མི་དེ་གཟས་ནས་སོང་།

           “པོ་པུ། ཁྱོད་ཡིན་ནམ།”ཁོས་ཐེ་ཙམ་གྱིས་དྲིས།

           “རྗེམ·ཝེར་ས། ཁྱོད་ཡིན་ནམ།”སྒོ་འགྲམ་གྱི་མི་དེས་སྐད་མཐོན་པོས་དྲིས།

          “གནམ་རྒན་མ།”ད་སོ་མ་སླེབས་པའི་མི་དེས་ཕ་རོལ་བའི་ལག་ཟུང་དམ་པོར་རང་གི་ལག་པར་བསྡམས་ཏེ“པོ་པུ་རེད། ངོ་མ་རེད། འཕྱུག་རྒྱུ་ཞིག་མེད། ཁྱོད་རང་འཇིག་རྟེན་འདིར་ད་དུང་གསོན་ཡོད་ན། ཁྱོད་རང་རྙེད་པའི་ཡིད་ཆེས་ང་ལ་ཡོད། བཟང་ཟིག བཟང་ཟིག བཟང་ཟིག ལོ་ཉི་ཤུ་ནི་དུས་ཚོད་རིང་པོ་ཞིག་རེད། ཟ་ཁང་རྙིང་བ་དེ་ད་ཡོད་པ་མ་རེད།པོ་པུ། ངས་ད་དུང་ཡོད་རྒྱུ་ན་བསམ་ཡོད། ཡོད་ན་ངེད་གཉིས་ཀྱིས་ཟ་མ་ཟོས་ཆོག་ཨང་། ནུབ་རྒྱུད་ཅི་འདྲ་རེད། ངའི་གྲོགས་པོ་བཟང་པོ།”ཞེས་ཟེར།

          “དཔེ་ཞིག་མེད་ཀི ང་ལ་དགོས་པ་ཚང་མ་ཐོབ་ཐལ། ཁྱོད་ལ་འགྱུར་ལྡོག་ཆེ་བ་ལ། ངས་ཁྱོད་རང་འདི་འདྲའི་གཟུགས་རིང་ཞིག་ཡིན་པ་སེམས་ལའང་མ་དྲན། ཕལ་ཆེར་དབྱིན་ཚོན་གསུམ་ཙམ་ཇེ་རིང་དུ་སོང་ཡོད་པ་འདྲ།”

           “འོ། ང་ལོ་ཉི་ཤུ་ཡིན་དུས་གཟུགས་སྐྱེས་བྱུང།”“རྗེམ། ནིག་ཡོལ་ཅི་འདྲ་རེད། ”

          “མི་ཆོག་རྒྱུ་མེད་ཐལ། གྲོང་ཁྱེར་འདིའི་ལས་ཁུངས་ཤིག་ན་ང་ལ་གོ་གནས་ཤིག་ཡོད། པོ་པུ། ངེད་གཉིས་ངས་ཤེས་པའི་ས་ཆ་ཞིག་ལ་སོང་སྟེ། འདས་ཟིན་པའི་དོན་དག་རྣམས་ཁ་བརྡ་ཡག་པོ་ཞིག་བྱེད།”མི་དེ་གཉིས་ཀྱིས་ལག་པ་ཕན་ཚུན་ལ་འཇུས་ནས་སྲང་ལམ་དེད་དེ་སོང་། ནུབ་རྒྱུད་ནས་ཡོང་བའི་མི་དེའི་ལས་དོན་གྲུབ་པ་བཟང་བས་ང་རྒྱལ་ཆེ། ཁོའི་བྱ་གཞག་གི་འཕེལ་རིམ་ཕལ་ཆེར་ཞིག་ངོ་སྤྲོད་བྱས།གཞན་པ་དེ་གོན་པའི་ནང་ལ་སྦས་ཏེ་སྤྲོ་བའི་སྒོ་ནས་ཉན།

          ལམ་དཀྱོགས་ཤིག་ཏུ་ཚོང་ཁང་ཞིག་ཡོད་ཅིང་།དེའི་གློག་འོད་ཤིན་ཏུ་གསལ། འོད་ཀོར་ནང་དུ་སླེབས་དུས་མི་དེ་གཉིས་ཀྱིས་སོ་སོའི་གདོང་ལ་ཞིབ་ཏུ་བལྟས།

           ནུབ་རྒྱུད་ནས་སླེབས་པའི་མི་དེ་གློ་བུར་བསྡད་ཅིང་། ཁོས་ཁོའི་ཕྲག་པ་ལྷོད་དེ་འཚབ་སྣང་ཞིག་དང་བཅས་ཏེ“ཁྱོད་རྗེམ·ཝེར་སི་མ་རེད། ལོ་ཉི་ཤུ་རིང་བ་བདེན་ཡང་། སྣ་གཟེངས་མཐོན་པོ་གྲི་འདྲ་བ་ཞིག་རིལ་ལུ་རྟ་ལུད་ལྟ་བུ་ཞིག་ཏུ་འགྱུར་སྲོལ་མེད།”ཅེས་ཟེར།

          མི་གཟུགས་རིང་དེས“མཚམས་ལན་རེར།མི་བཟང་ཞིག་མི་ངན་ཞིག་ཏུ་འགྱུར་སྲིད། ཁྱོད་འཛིན་བཟུང་བྱས་ནས་སྐར་མ་ཉི་ཤུ་འགོར་སོང་། “གཡོ་.ཅན”པོ་པུ། ཊི་ཆ་ཁེའི་ཕྱོགས་ནས་ཁྱོད་རང་འདིར་ཡོང་ངེས་རེད་བསམ་ནས། ང་ཚོར་ཁྱོད་ལ་ཁ་བརྡ་ཞིག་བྱོས་ཟེར། ངེད་གཉིས་དལ་ཅག་གེར་འགྲོ། ཆོག་གམ། དེ་བྱས་ན་བཟང་ནི་རེད། ད་ལྟ་ངེད་གཉིས་ཉེན་རྟོག་ཁང་ལ་མ་ཐོན་པའི་སྔོན་ལ། ངའི་འདི་ན་ཡི་གེ་ཞིག་ཡོད། མི་ཞིག་གིས་ང་ལ་དངོས་སུ་ཁྱོད་ལ་བྱིན་ཟེར། ཁྱོད་ཀྱིས་སྒེའུ་ཁུང་གི་གློག་འོད་འོག་ཏུ་ལྟོས་དང་། འདི་ནི་ཉེན་རྟོག་པ་ རྗེམ·ཝེར་སིས་ཁྱོད་ལ་བསྐུར་བ་རེད།”ཟེར།

          ནུབ་རྒྱུད་ནས་ཡོང་བའི་མི་དེས་ཤོག་ལེབ་དེའི་ཁ་ཕྱེས། ཐོག་མར་འདོན་འགོ་རྩོམ་དུས་ལག་པ་མི་འདར་ཡང་བཏོན་ཚར་དུས་ལག་པ་རང་དབང་མེད་པར་ཐེངས་ཤིག་འདར་བྱུང་། ཡི་གེ་རིང་བོ་ཞིག་མ་རེད་དེ།

           པོ་པུ།

           ང་དུས་ཐོག་ཏུ་དུས་ཆད་བཏབ་པའི་ས་གནས་ལ་ཡོང་བ་ཡིན། ཁྱོད་ཀྱིས་འབར་ཞུན་གྱིས་ཐ་མག་ལ་མེ་སྒྲོན་དུས། ངས་ཊི་ཆ་ཁེས་བརྡ་བཏང་བའི་ཉེས་ཅན་ཞིག་གི་ངོ་གདོང་མཐོང་སོང་།ཅི་ཡིན་མི་ཤེས།ངས་དངོས་སུ་ཁྱོད་རང་འཛིན་བཟུང་བྱེད་མ་ནུས་པས། ང་ཕྱིར་སོང་ནས་ཕལ་ཆོས་གོན་པའི་ཉེན་རྟོག་པ་ཞིག་དོན་དག་འདི་ཐག་གཅོད་པར་མངགས་པ་ཡིན།

          རྗེམ་ནས།

རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།